པདྨ་འཕྲིན་ལས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་པ་ནི་འཁྲབ་སྟོན་ཙམ་ཡིན་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ཕྱི་ཟླ་༧ པའི་ཚེས་ ༡༩ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་ཟེར་བ་པེ་ཅིང་དུ་སྐོང་འཚོགས་བྱས་འདུག་ཅིང་། རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་པདྨ་འཕྲིན་ལས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་ལྔ་པའི་ཚོགས་གཙོར་བསྐོས་བཞག་བྱས་འདུག
དེའི་ཐད་སེ་པན་རྒྱལ་ཁབ་ཏུ་གནས་ཞུགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། པདྨ་འཕྲིན་ལས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་བཞག་བྱུང་བ་དེ་ནི་འཁྲབ་སྟོན་ཙམ་ལས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
པདྨ་འཕྲིན་ལས་ནི་རྒྱ་ནག་དམར་ཤོག་གཞུང་གིས་ཡིད་ཆེས་བློས་འགེལ་ཆོག་པའི་མི་སྣ་ཞིག་ཡིན་པ་གསལ་པོ་ཡིན་པ་དང་ ན་གཞོན་སྐབས་ནས་རྒྱ་ནག་གི་དམག་མིར་འཛུལ་ཏེ་ད་བར་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དང་མཐུན་པའི་ལས་ཀ་ཤ་སྟག་བྱས་ནས་ཡོང་བའི་བོད་པ་ཞིག་ཡིན་འདུག་པ་མ་ཟད། དེ་སྔོན་ཁོང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་གཙོ་འཛིན་བྱེད་པའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ལྟེར་དཔོན་གྲས་ཤིག་ཡིན་འདུག
ད་རེས་རྒྱ་ནག་གཞུང་གིས་ཁོང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོར་བསྐོས་བཞག་བྱས་པ་དེའི་བརྒྱུད་ནས་བོད་ཚུད་པའི་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཕྱིན་ཡོད་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་ཡིན་པ་ཉམས་ཞིབ་པ་སངས་རྒྱས་ཁྱབ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་ལེན་བྱ་རྒྱུ་གལ་ཆེ་ཡིན་ཚུལ་སྐོར་གཏམ་བཤད་བྱས་འདུག འོན་ཀྱང་། ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཁར། བོད་མི་ཚོར་དམ་དྲག་ཇེ་ཆེར་བཏང་དང་གཏོང་མུས་ཡིན་པས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཚོགས་སྡེ་ཁག་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མུས་ཡིན།
ཡང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཟེར་བ་དེ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་དམིགས་ཡུལ་ནི། བོད་ཚུད་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་རྒྱུའི་ཆེད་དུ་མིན་པར། གཙོ་བོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་པདྨ་འཕྲིན་ལས་ནི་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པར་བསྐོས་བཞག་བྱས་འདུག་ཅིང་། གོ་གནས་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་སྒྲིག་འཛུགས་ནང་བོད་པའི་མི་སྣའི་གོ་གནས་མཐོ་ཤོས་ཡོད་པ་དེ་ཡིན་ཞིང། དེ་སྔོན་གོ་གནས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག ང་ཕོད་ངག་དབང་འཇིགས་མེད་དང་། འཕགས་པ་ལྷ། རག་སྡིས་སོགས་བསྐོས་མྱོང་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།