བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་གྲོས་ཚོགས་འོག་མའི་འཐུས་མི་༡༣ གྱིས་རྒྱབ་སྐྱོར་གནང་ཡོད་པ།

༢༠༢༣ ཕྱི་ཟླ་ ༣ ཚེས་ ༢༧ དང་ ༢༨ བཅས་སུ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་མངའ་སྡེ་ཁག་ ༢༣ ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་མཉམ་འཛོམས་ཀྱིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་དོན་དཀའ་རྙོག་སེལ་རྒྱུར་བོད་རྒྱ་གྲོས་མོལ་ལ་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་རེད།
བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཉུང་མཐར་གྲོས་ཚོགས་འཐུས་མི་ ༡༣ གྱིས་རྒྱབ་སྐྱོར་ས་རྟགས་བཀོད་ཟིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་དོན་ཞུ་གཏུག་གི་ལས་གུལ་ཟིན་རྗེས་ཁྲིམས་འཆར་འདིར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་མང་དུ་སོང་འདུག་ཅིང་། ད་བར་ཉུང་མཐར་གྲོས་ཚོགས་འོག་མའི་འཐུས་མི་ ༡༣ གྱི་རྒྱབ་སྐྱོར་བྱུང་འདུག འདིའི་ཁོངས་སུ་མང་གཙོ་ཆབ་སྲིད་ཚོགས་པའི་འཐུས་མི་ ༨ དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༥ ཡོད་པ་དེ་དག་ནི། ཁེ་ལི་ཕོར་ནི་ཡ་མངའ་སྡེ་ནས་གྲོས་ཚོགས་འཐུས་མི་གསུམ་དང་། དེ་མིན་མངའ་སྡེ་ཁག་མི་འདྲ་བ་ ༡༠ ནས་འཐུས་མི་རེ་རེས་རྒྱབ་སྐྱོར་གནང་འདུག འདིའི་ཁོངས་ཚོགས་གཙོ་ཟུར་པ་ Nancy Pelosiདང་། གྲོས་ཚོགས་འཐུས་མི་ Chris Smith གྲོས་ཚོགས་འཐུས་མི་ Joe Courtney གྲོས་ཚོགས་འཐུས་མི་Parmila Jayapal སོགས་ཡོད་འདུག
བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་དེད་གཏོང་བའི་ཁྲིམས་འཆར་འདི་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael McCaul ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་སླར་ཡང་འདོན་སྤེལ་གནང་ཡོད་པ་དང་། འདི་འབྲེལ་གྱི་ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུག་གི་ལས་འགུལ་མཇུག་བསྒྲིལ་བྱུང་བའི་རྗེས་ Twitter དྲ་རྒྱ་བརྒྱུད་ནས་བོད་མི་ཚོར་ཆོས་དད་རང་དབང་གི་ཐོབ་ཐང་དགོས་པ་བཀོད་གནང་ཡོད་པའི་ཁར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་ Hollywood གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere གྱིས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། ང་ཚོས་ཐུན་མོང་གི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་དེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མུ་མཐུད་རྡུང་རྡེག་དང་སྡུག་རྩུབ་གཏོང་བཞིན་པ་མོས་མཐུན་བྱ་ཐབས་མེད་ཅེས་བཀོད་གནང་ཡོད་འདུག ཕྱི་ཟླ་༣ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་རྒྱུན་ལས་འཐུས་མི་རྣམས་པས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་དང་འབྲེལ་གསར་འགོད་གསལ་བསྒྲགས་བསྐོངས་ཚོགས་གནང་སྟེ། རྒྱ་ནག་གཞུང་ལ་བོད་མིའི་རྒྱལ་རབས་ལོ་རྒྱུས་ནག་བསུབ་གཏོང་འཇུག་རྒྱུ་མིན་ཞེས་དང་། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་ཡོད་པ་རེད།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག