༸གོང་ས་མཆོག་ཐའེ་ལྦན་དུ་ཕེབས་རྒྱུ་མེད་པའི་གནས་ཚུལ།

ཐའེ་ལྦན་སྲིད་འཛིན་ནས་༸གོང་ས་མཆོག་ཆིབས་བསྒྱུར་གནང་རྒྱུའི་དུས་ཚོད་རན་པོ་ཞིག་མ་རེད་གསུངས་པར་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད།

2008.12.04

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་རྒྱུའི་དུས་ཚོད་རན་པོ་ཞིག་མ་རེད་གསུངས་པའི་གནད་དོན་ལ་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་ཞུས་ཡོད་འདུག

ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ལྦན་དུ་བསྐྱར་དུ་ཆིབས་བསྒྱུར་བསྐྱངས་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་པའི་སྐབས་༸གོང་ས་མཆོག་གིས་འདས་པའི་ལོ་ཤས་གོང་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ལ་དོ་ཕོག་མི་འགྲོ་བའི་ཆེད་ཆིབས་བསྒྱུར་གནང་མེད་ཀྱང་མ་འོངས་པར་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་བ་དང་འདིའི་སྐོར་ཁ་ས་རེས་གཟའ་ལྷག་པའི་ཉིན་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇུ་མཆོག་ལ་གསར་འགོད་པས་བཅར་འདྲི་ཞུས་པའི་སྐབས་ཁོང་གིས་རྩ་བའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་རྣམ་པ་ཐའེ་ལྦན་ལ་ཕེབས་རྒྱུར་དགའ་བསུ་ཡོད་ཡིན་ནའང་ད་ལྟའི་ཆར་རྒྱ་ནག་དང་ཐའེ་ལྦན་གཉིས་འབྲེལ་བ་སླར་གསོ་བྱེད་བཞིན་པའི་སྐབས་ཡིན་ཙང་དུས་ཚོད་ཀྱི་ཆ་ནས་རན་པོ་ཞིག་མ་རེད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་དེ་རིང་ཐའེ་ལྦན་གྱི་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཆེང་ལྦན་ཚང་གིས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་སྲིད་འཛིན་མའ་དབྱིངས་ཇུས་བཀའ་མོལ་གནང་སྟངས་འདིས་སླར་ཡང་ཁོང་གིས་རྒྱ་ནག་ལ་མགོ་བོ་སྒུར་བའི་རྣམ་པ་བསྟེན་པ་ཞིག་རེད་ལ་དེས་རང་བཞིན་གྱིས་ཁོང་གི་དབུ་འཁྲིད་འོག་ཐའེ་ལྦན་གྱི་རང་དབང་དང་མང་གཙོ་གཉིས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཨེ་ཡོད་བསམ་པའི་བློ་འཚབ་སྐྱེས་འོས་པ་ཞིག་འདུག དེ་འདྲ་ཡིན་དུས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ངོས་ནས་ཀྱང་མའ་དབྱིངས་ཇུ་སྲིད་འཛིན་གྱི་ལས་གནས་སུ་ཡོད་པའི་རིང་ཐའེ་ལྦན་དུ་ཕེབས་རྒྱུའི་དགོངས་པ་མ་བཞེས་རོགས་གནང༌གང་ཡིན་ཟེར་ན་མའ་དབྱིངས་ཇུ་ནི་རྒྱ་ནག་གི་ཁ་ལོ་གང་བསྒྱུར་ཨ་ལེ་པེ་ཀོག་ལྟབུ་རེད་ལ་ཁོང་གི་ལས་དུས་རིང་ཏཱ་ལའི་བླ་མ་མཆོག་ནམ་ཡང་ཐའེ་ལྦན་ལ་ཕེབས་བཅུག་གི་མ་རེད་ཅེས་བཀོད་ཡོད་པ་གང་ལྟར་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇུར་སྐྱོན་བརྗོད་ཞུས་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་༡༩༩༧དང་ཕྱི་ལོར་༢༠༠༡ལོར་ཐའེ་ལྦན་ལ་ཆིབས་བསྒྱུར་གནང་མྱོང་ཡོད་པ་རེད། སྐབས་དེར་མང་གཙོ་ཚོགས་པའི་གཞུང་འཛིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎