དོན་གཅོད་གསར་རྙིང་གཉིས་ལ་ཕེབས་བསུ་དང་ཕེབས་སྐྱེལ།
2016.08.27

༄༅། །ཕྱི་ཟླ་༨་ཚེས་༢༦ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཁྱུར་ཕེབས་མཁན་དབུ་དཀར་ཚང་སྐལ་རྡོར་ལགས་དང་། གསར་དུ་བསྐོ་གཞག་བྱུང་བའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་གཉིས་སུ་ཕེབས་བསུ་དང་ཕེབས་སྐྱེལ་གྱི་མཛད་སྒོ་ཞིག་གནང་ཡོད་པ་རེད།
སྐབས་དེར་སྐུ་ཚབ་དོན་གཅོད་འཁྱུར་ཕེབས་མཁན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཚོགས་ཕེབས་མི་མང་ལ་གསུང་བཤད་གནང་སྐབས། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་སྤེལ་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་ལས་རིགས་གང་འདྲ་ཞིག་ཡིན་རུང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་མིན་ལ་མ་ལྟོས་པར་ཚང་མ་གཅིག་མཚུངས་ཀྱི་འགན་འཁྱེར་དགོས་སྐོར་གསུངས་སོང་།
ཡང་གསར་དུ་བསྐོ་གཞག་བྱུང་བའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་མ་འོངས་པར་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གི་བརྒྱུད་ས་གནས་བོད་མི་རྣམས་ཀྱི་མཐུན་འགྱུར་འོག་བོད་རིགས་གཞོན་སྐྱེས་རྣམས་དབྱར་ཁའི་དགུང་སེང་དང་བསྟུན། ཕྱོགས་གཅིག་ཏུ་འདུ་སྐོང་གནང་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་མཚོན་པའི་ཆབ་སྲིད་ཀྱི་གནད་དོན་ཐོག་གོ་རྟོགས་གོང་སྤེལ་གྱི་ལས་རིམ་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་བས་མ་ཚད། ལམ་ལྷོང་བྱུང་ན། བྱང་ཨ་རིའི་ནང་བོད་ཀྱི་སློབ་གྲྭ་གསར་འཛུགས་ཐུབ་པ་གནང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་སྐོར་གསུངས་སོང་།
ཕེབས་བསུ་དང་ཕེབས་སྐྱེལ་གྱི་མཛད་སྒོ་དེའི་ཐོག་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ནས་དོན་གཅོད་གསར་རྙིང་གཉིས་ལ་བཀྲ་ཤིས་པའི་མཇལ་དར་སྒྲོན་པ་དང་། ཚོགས་པའི་ངོས་ནས་མངར་ཟས་ཀེཀ་འདེགས་འབུལ་ཞུས་ཡོད་པ་རེད།།