བོད་སྐད་ཡིག་ནང་བཟོས་པའི་སྤྱི་ཚོགས་དྲ་ལམ་གངས་དབྱངས་མཉེན་ཆས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་ཀྱང་རྒྱུ་མཚན་ཞིབ་ཕྲ་མི་འདུག

2022.11.15
བོད་སྐད་ཡིག་ནང་བཟོས་པའི་སྤྱི་ཚོགས་དྲ་ལམ་གངས་དབྱངས་མཉེན་ཆས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་ཀྱང་རྒྱུ་མཚན་ཞིབ་ཕྲ་མི་འདུག གངས་དབྱངས་མཉེན་ཆས་ཀྱི་ལས་རྟགས་པར་རིས།
RFA/སྒྲིག་བཟོ།

དེང་སྐབས་སྤྱི་ཚོགས་དྲ་ལམ་ཐད་གཏོང་ཤུགས་ཆེར་དར་བཞིན་ཡོད་པ་ལྟར། བོད་ནང་གི་བོད་མི་ཚོས་ཀྱང་རྒྱ་ནག་གི་ཁཱ་སོ་དང་ཏོ་ཡན་སོགས་སུ་ཚོང་ལས་དང་བགྲོ་གླེང་གཙོའི་ཉིན་རེའི་འཚོ་བའི་བྱེད་སྒོ་སྣ་ཚོགས་ཤིག་གཉེར་བཞིན་ཡོད་པ་དང་། ལོ་ཤས་སྔོན་བོད་ནང་གི་བོད་མི་ཁག་ཅིག་ནས་གངས་དབྱངས་ཐད་གཏོང་དྲ་ལམ་ཞེས། རྒྱ་ནག་གཞུང་འབྲེལ་ཆོག་མཆན་ཡོད་པའི་བོད་སྐད་ཡིག་ཁོ་ནའི་སྤྱི་ཚོགས་དྲ་ལམ་མཉེན་ཆས་ཤིག་གསར་འཛུགས་བྱས་ཡོད་ཀྱང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡༡ཚེས་༡༤ཉིན་བོད་ཡིག་གི་སྤྱི་ཚོགས་དྲ་ལམ་དེ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་ཤིག་སྤེལ་འདུག་ཀྱང་། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་བརྒྱུད་གངས་དབྱངས་འབྲེལ་ཡོད་མི་སྣས་ད་ལྟའི་ཆར་ཕྱིའི་རྒྱལ་ཁབ་སོགས་གང་དུ་ཐད་གཏོང་ཐོ་འགོད་བེད་སྤྱོད་མི་ཐུབ་སྐོར་ལས། ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མ་སོང་།

དེ་འབྲེལ་གངས་དབྱངས་སྤྱི་ཚོགས་དྲ་ལམ་གསར་འཛུགས་གནང་མཁན་ཚོས་བརྡ་ཐོ་ཞིག་སྤེལ་བའི་ནང་། སྙིང་ཉེ་བའི་གངས་དབྱངས་ཀྱི་སྤྱོད་མཁན་གྲོགས་པོ་ལགས། དེ་རིང་ཁྱེད་ལ་ཡིད་སྐྱོ་བའི་དོན་དག་ཞིག་ཞུ་རྒྱུ་ཡོད་པ་ནི། ངེད་སྤྱི་གཉེར་ཁང་གིས་ཉེ་བའི་ལོ་ཤས་ཙམ་གྱི་རིང་གངས་དབྱངས་ཀྱི་ལས་གཉེར་གཞི་གྲངས་དང་སྤྱོད་མཁན་གྱི་མཛད་སྤྱོད་གཞི་གྲངས་སོགས་ལ་གཞིགས་ན། ལྷག་བསམ་ཅན་གྱི་མི་བུ་རེ་འགས་ངེད་ལས་སྟེགས་ལ་རྒྱབ་སྐྱོར་ཚད་མེད་གནང་བཞིན་ཡོད་ནའང་། ད་ལྟའི་ཆར་བོད་སྐད་ཡིག་གི་སྤྱི་ཚོགས་ཚོང་རའི་ཕྲོད་ཟིན་པའི་རིན་ཐང་དང་གོ་གནས་ཧ་ཅང་ཉག་ཕྲ་ན་ཡང་། བརྙན་ཐུང་དང་ཐད་གཏོང་སོགས་བརྙན་རིས་རིགས་ཀྱི་དྲ་རྒྱའི་ཞབས་ཞུར་མ་དངུལ་འབོར་ཆེན་གཏོང་དགོས་པ་སོགས་ཀྱི་དབང་གིས་ངེད་གངས་དབྱངས་ཐད་གཏོང་ལས་གཉེར་ཕྱི་ཟླ་༡༡་ཚེས་༡༨ནས་སྒོ་མིི་རྒྱག་ཐབས་མེད་བྱུང་སྐོར་བཀོད་འདུག་ལ། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ནས་ད་ལྟའི་ཆར་གངས་དབྱངས་ལས་གཉེར་ཁང་གིས་དངུལ་གྱི་དཀའ་ངལ་ཞིག་ཡིན་སྐོར་བརྗོད་བཞིན་པ་ལས། ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་སྐོར་བརྗོད་བྱུང་།

གངས་དབྱངས་སྤྱི་ཚོགས་ཐད་གཏོང་དྲ་ལམ་ནི་བྱེད་ནུས་ཚང་མར་བོད་ཡིག་བཀོལ་ཡོད་པ་མ་ཟད། ཐད་གཏོང་ངོས་སུ་ཕ་སྐད་ཀྱི་ལང་ཚོའི་སྟངས་སྟབས་བསྒྱུར་ས་དང་། དེ་བཞིན་འཚོ་བ་ཡི་དགའ་སྐྱོ་གླུ་རུ་ལེན་ས། ཁྱད་མཚར་གྱི་བྱེད་ནུས་སོར་མོས་རྩེད་ས་སོགས། ཚོང་ལས་དང་བརྙན་ལམ་བརྩམས་ཆོས་སྤེལ་སའི་བྱེད་ནུས་མང་པོ་ལྡན་ས་ཞིག་ཡིན་པ་དང་། བོད་ནང་གི་བོད་མི་ཚོས་དྲ་ལམ་ཐད་གཏོང་དེར་དགའ་མོས་དང་བེད་སྤྱོད་བྱེད་མཁན་ཡོད་པ་དང་། གངས་དབྱངས་སྒོ་རྒྱག་རྒྱུའི་བརྡ་ཐོའི་ནང་ཁྱེད་ཀྱིས་མགྱོགས་མྱུར་ངང་རང་རང་གི་རྩིས་ཐོ་རུ་ཡོད་པའི་ཡོང་འབབ་དང༌། ཚོང་ཁྲོམ་སོགས་སུ་སྤྲད་ཡོད་པའི་གཏའ་མའི་དངུལ། ཁྱེད་ལ་བསྐུར་མེད་པའི་ཚོང་རྫས་ཀྱི་རིན་དངུལ་སོགས་ཕྱིར་འདོན་དང་དངུལ་སློག་རེས་བྱ་རྒྱུ་གལ་ཆེན་ཡིན་པ་དང་། མཐར་འདས་པའི་ལོ་ཤས་རང་ཁྱེད་ཀྱིས་གངས་དབྱངས་ཐད་གཏོང་ལ་རྒྱབ་སྐྱོར་བླ་ལྷག་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང༌། བོད་སྐད་ཡིག་གི་བསྟན་པ་དར་ཞིང་རྒྱས་པའི་སྤོན་འདུན་ཡང་ཡང་དང་བཅས་གངས་དབྱངས་ལས་གཉེར་དཔུང་སྡེ་ནས་ཞེས་བཀོད་འདུག

སྤྱིར་རྒྱ་ནག་གཞུང་གིས་བོད་སྐད་ཡིག་གཙོའི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་ཁག་ལ་དྲ་ལམ་དང་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་དང་ཚོད་འཛིན་རིམ་པར་བྱེད་བཞིན་ཡོད་པ་བཞིན། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༡ནང་རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་མཉེན་ཆས་Talkmateདང་Bilibiliཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་པ་རེད་ལ། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ཡིག་བོད་སྐད་བཀོལ་སྤྱོད་བྱེད་མཁན་ཚོར་སྒོ་བརྒྱབ་པ་སོགས་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། གཙོ་བོ་ཉེ་བས་ལོ་ཤས་བཟུང་རྒྱ་ནག་གཞུང་གིས་བོད་ཡིག་དང་བོད་སྐད་ལ་དམ་དྲགས་བྱེད་མགོ་ཚུགས་ཡོད་པ་དང་། གཉིས་ནས་བོད་ཡིག་དང་བོད་སྐད་དེ་བོད་མི་ཕན་ཚུན་ནང་ཁུལ་གྱི་འབྲེལ་ལམ་ཞིག་ཆགས་ཡོད་སྟབས། སྤྱི་ཚོགས་དྲ་ལམ་ཁག་ནས་བོད་ཡིག་ལ་དམ་དྲགས་བྱེད་བཞིན་པ་ཡིན་སྐོར་བརྗོད་བྱུང་།

བོད་ཡིག་གི་སྤྱི་ཚོགས་དྲ་ལམ་གངས་དབྱངས་ནི་ཕྱི་ལོ་༢༠༡༨ཙམ་ནང་དངོས་སུ་མགོ་ཚུགས་ཤིང་། མཉེན་ཆས་ངོས་སུ་བོད་ཀྱི་ཐད་གཏོང་ཉེར་སྤྱོད་ཐོག་མ་ཞེས་བྲིས་ཡོད་པ་དང་། ངོ་སྤྲོད་ནང་སྤྱི་ཚོགས་དྲ་ལམ་ཐད་གཏོང་ཁང་དེ་རྒྱ་ནག་པེ་ཅིན་མོན་ཁུ་བྱུག་ཚན་རྩལ་ཚོང་ལས་ཁང་གི་གཉེར་སྐྱོང་འོག་ཡོད་པ་བཀོད་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་ཁྲིམས་སྲོལ་འགྲོ་སྟངས་ལྟར་དེབ་སྐྱེལ་དང་ཐོ་འཐོད་ཆོག་མཆན་ཡོད་པའི་དཔང་རྟགས་དང་བཅས་ཡོད་པའི་སྤྱི་ཚོགས་དྲ་ལམ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎