རྒྱ་ནག་གཞུང་གིས་དགེ་འདུན་པ་གཅིག་གློད་གྲོལ་དང་གཉིས་འཛིན་བཟུང་བྱས་འདུག
2018.03.13
རྒྱ་ནག་གཞུང་གིས་ཉེ་བའི་ནང་རྫ་སེར་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་གཅིག་གློད་བཀྲོལ་དང་གཉིས་འཛིན་བཟུང་བྱས་འདུག
དེ་ཡང་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙུག་ལག་ཁང་གི་མདུན་དུ་སེ་རྭ་བྱ་བྲལ་ཁང་ཚན་གྱི་དགེ་འདུན་བཅོ་ལྔ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་གྲས། ཟི་ཁྲོན་དཀར་མཛེས་ཁུལ་རྫ་སེར་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་བློ་གྲོས་ལགས་ལོ་བཅུའི་བཙོན་འཇུག་དུས་བཀག་ཚང་ཏེ། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༠༣ ཚེས་ ༡༢ ཉིན་གློད་བཀྲོལ་བྱུང་འདུག
འོན་ཀྱང་རྫ་སེར་ཤུལ་ཁུལ་དུ་དྲ་ལམ་ལ་དམ་དྲག་ཆེན་པོ་ཡོད་པར་བརྟེན། ཁོང་བཙོན་ཁང་གང་ཞིག་ནས་གློད་བཀྲོལ་བཏང་བ་དང་། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཅི་ཡིན་སོགས་ཞིབ་ཕྲ་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་འདུག
སྐབས་དེར་དགེ་འདུན་པ་ ༡༥ ཡི་ནང་དབོན་པོ་དགོན་པའི་དགེ་འདུན་པ་བརྒྱད་དང༌། མང་དགེ་དགོན་གྱི་དགེ་འདུན་པ་གཅིག ཀ་བཞི་དགོན་གྱི་དགེ་འདུན་པ་གཅིག ལུང་དཀར་དགོན་གྱི་དགེ་འདུན་པ་ལྔ་བཅས་ཡོད་འདུག
དེའི་ནང་ནས་དབོན་པོ་དགོན་གྱི་གྲྭ་བློ་བཟང་དངོས་གྲུབ་དང་། མིང་དགེ་དགོན་གྱི་གྲྭ་བཟོད་པ་གཉིས་ལ་ལོ་ལྔ་རེའི་ཁྲིམས་ཐག་བཅད་པ་དང་། དབོན་པོ་དགོན་གྱི་གྲྭ་བློ་གྲོས་ལ་བཙོན་ཚད་དུས་ཡུན་རིང་ཤོས་ཏེ་ལོ་བཅུའི་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག
དེ་བཞིན་ ༢༠༠༨/༠༣/༡༦ ཉིན་ལྷ་ས་ནས་འཛིན་བཟུང་བྱས་པའི་དབོན་པོ་བསོད་ནམས་གྲགས་པ་དང་། དབོན་པོ་ཟླ་ཤར་གཉིས་ལ་ཡང་ལོ་བཅུ་རེའི་ཁྲིམས་ཐག་བཅད་དེ་ད་དུང་གློད་གྲོལ་བཏང་མེད་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་།
གཞན་ཡང་རྫ་སེར་ཤུལ་རྫོང་། རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཆོས་མཆོག་ལགས་ ༢༠༡༧/༡༢། ཟླ་མཇུག་ཙམ་ལ་མགོ་ལོག་དར་ལག་རྫོང་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་ནི་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་ཨ་མདོ་རྔ་བ་ནས་དཀོན་པེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་ཉིན་གཉིས་ཀྱི་རྗེས་སུ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག འོན་ཀྱང་ཁོང་ཉིད་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། ཁོང་གི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་ཆགས་ཡོད་ཅིང་། ཡང་རྫ་སྨད་དབོན་པོ་དགོན་གྱི་གྲྭ་བློ་བཟང་ལྷུན་འགྲུབ་ལགས་ ༢༠༡༨/ ༠༣/༠༩ ཉིན་དབོན་པོ་དགོན་པའི་ནང་ནས་འཛིན་བཟུང་བྱས་ཡོད་ཀྱང་ཁོང་ཉིད་ཀྱང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག
ཕྱི་ལོ་ ༢༠༠༨ དང་དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་རྫ་སེར་ཤུལ་ཁུལ་གྱི་དགེ་འདུན་པ་དང་། མི་སྐྱ། དེ་བཞིན་སློབ་ཕྲུག་སོགས་བོད་མི་མང་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་དུས་ཡུན་འདྲ་མིན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ།