བོད་ནང་གི་བོད་མིའི་དཀའ་སྡུག་བཀའ་འདྲི་ཞུས་པའི་གློག་བརྙན།
2009.09.26
༄༅༎མགོ་ལོག་རིན་ཆེན་བཟང་པོ་ལགས་ཀྱིས་བོད་ནང་བཅར་དྲི་གནང་བའི་བརྙན་པར་ཁག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་གིས་ཕྱོགས་སྒྲིག་གནང་ནས།ཁ་ས་བཞུགས་སྒར་དུ་འགྲེམས་སྤེལ་གནང་འདུག།སྔ་ལོ་བོད་ནང་ཞི་རྒོལ་བྱུང་བའི་རྗེས་མདོ་སྨད་སྟོང་སྐྱབས་དགོན་པའི་དགེ་འདུན་པ་རིན་ཆེན་བཟང་པོ་ལགས་ཀྱིས།མགོ་ལོག་ཁུལ་གྱི་མི་གྲངས་བཅོ་ལྔ་ཙམ་ལ་དེ་སྔའི་བོད་དེ་གང་འདྲ་ཡོད་མེད་དང་།ད་ལྟའི་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་མི་ཚོས་དཀའ་སྡུག་ཇི་ཙམ་མྱོང་བཞིན་ཡོད་མེད།ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་ལོར་གནས་ཚུལ་ག་རེ་བྱུང་ཡོད་མེད་བཅས།གནད་དོན་གསུམ་ཐོག་གནས་འདྲི་གནང་བ་ཁག་པར་ལེན་གནང་ཡོད་པ་རེད།
མགོ་ལོག་རིན་ཆེན་བཟང་པོ་ལགས་ཀྱིས་གནས་འདྲི་གནང་ཡུལ་མི་གྲངས་བཅོ་ལྔ་དེ་ཚོ་ལོ་གྲངས་ལྔ་བཅུ་ང་བདུན་ནས་བརྒྱད་བཅུ་གྱ་བདུན་བར་ཡིན་པ་དང༌།ཁོང་རྣམ་པས་རྒྱ་ནག་གིས་བོད་ནང་བཙན་འཛུལ་མ་བྱས་གོང་བོད་མི་ཚོ་ད་ལྟ་ལས་རང་དབང་ཆེ་བ་དང་འཚོ་བའི་གནས་སྟངས་བཟང་བ་ཡོད་སྐོར་ཚང་མས་ཁ་གཅིག་བསྒྲགས་གནང་ཡོད་པ་མ་ཟད།རྒྱ་ནག་གཞུང་གིས་དཔལ་འབྱོར་གོང་འཕེལ་གྱི་མིང་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག།ཆོས་ལུགས་དང་རང་འབྱུང་གཏེར་ཁ་ཚང་མར་རིམ་བཞིན་རྩ་གཏོར་དུ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།རྒྱ་ནག་གིས་༧གོང་ས་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ལ་འགག་པ་དང་སྐྱོན་བརྗོད་ཞུ་བཞིན་པའི་ལས་འགུལ་ལ་གནས་འདྲི་བྱ་ཡུལ་མི་རྣམས་ནས་ངོས་ལེན་ནམ་ཡང་མེད་སྐོར་གསལ་བཏོན་དང༌འབྲེལ། ༧གོང་ས་མཆོག་བོད་ལ་ཕེབས་ཐུབ་རྒྱུའི་རེ་བ་དང་གཞིས་བྱེད་བོད་མི་མཉམ་འཛོམས་ཡོང་བའི་སེམས་གཏིང་གི་རེ་བ་དེ་ཚོ་འཇིགས་ཞུམ་མེད་པའི་སྒོ་ནས་བརྙན་པར་དེའི་ནང་འགྲེལ་བརྗོད་གནང་ཡོད་པ་རེད།རྒྱ་མིའི་འཛིན་བཟུང་གཡོལ་ཐབས་སུ་བརྙན་པར་སྐྱོན་མཁན་རིན་ཆེན་བཟང་པོ་ལགས་ཁོང་བཅའ་འདྲིའི་ལས་དོན་ཆ་ཚང་མཇུག་སྒྲིལ་མ་ཐུབ་པར་སྔ་ལོ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་གར་ལ་བྲོས་བྱོལ་ཕེབས་དགོས་བྱུང་འདུག།ད་ཆ་ཁོང་བྷིར་སོ་ཀར་སློབ་གྲྭའི་ནང་ཡོད་པ་རེད།།