༸གོང་ས་མཆོག་གིས་ཨ་མི་རི་ཀའི་རོགས་ཚོགས་ཀྱི་ལས་དོན་འགན་འཛིན་སོགས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་ཡོད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཟླ་ ༡༡ པའི་ཚེས་ ༢༧ ཉིན་ཨ་མི་རི་ཀའི་རོགས་ཚོགས་ཀྱི་རྒྱ་གར་དང་འབྲུག་ནང་གི་ལས་འཆར་འགན་འཛིན་སི་ཊི་ཝེན་ཨོ་ལིལྦ་སོགས། ཨ་མི་རི་ཀའི་རོགས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་གནང་ཡོད་ཅིང་། རོགས་ཚོགས་ཀྱི་ལས་འཆར་འགན་འཛིན་སི་ཊི་ཝེན་ཨོ་ལིལྦ་མཆོག་ནས། མགོན་པོ་གང་ཉིད་ནས་བཀའ་སློབ་ལམ་སྟོན་ཅི་གནང་ཁོང་དང་ངེད་གཉིས་བར་ཉར་རྒྱུ་ཡིན་པ་དང་། མཇལ་ཁ་ཐོབ་པ་འདི་ཧ་ཅང་ཡག་པོ་དང་ངོ་མཚར་ཆེན་པོ།ཡིད་འགུལ་དང་དགའ་ཚོར་བརྗོད་མི་ཤེས་པ་ཞིག་བྱུང་ཞིང་། ཨ་མི་རི་ཀའི་རོགས་ཚོགས་ཀྱིས་བོད་མི་ཚོར་རོགས་སྐྱོར་གནང་བ་ནི་ཨ་མི་རི་ཀའི་མི་མང་གིས་བོད་དོན་རྒྱབ་སྐྱོར་མཚོན་གྱི་ཡོད་པ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱིས་སོ་སོའི་རིག་གཞུང་བསྐྱར་གསོ་དང་ཡར་རྒྱས་འགྲོ་བཞིན་པ། སྲུང་སྐྱོབ་ཀྱིས་སྲ་བརྟན་དུ་བཏང་བ་མ་ཟད། ཉམས་པ་བསྐྱར་སོས་ཇི་ལྟར་བྱ་དགོས་པའི་འཛམ་གླིང་ལ་མིག་ལྟོས་བཟང་པོ་ཞིག་ཀྱང་བསྐྲུན་ཡོད་པ་བཅས་མཐོང་སྟེ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པ་དང་ཆབས་ཅིག་ཏུ་སྤོབས་པའང་སྐྱེས་ཡོང་གི་འདུག་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

མ་ཟད་ཁོང་གིས་མུ་མཐུད། ཨ་མི་རི་ཀའི་རོགས་ཚོགས་ཀྱིས་ཨ་མི་རི་ཀའི་མི་མང་གི་ཚབ་མཚོན་པ་དང་། ཨ་མི་རི་ཀའི་མི་མང་གིས་འཛམ་གླིང་གང་སར་བཞུགས་པའི་བོད་མི་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་རེད། ང་ཚོ་ཨ་མི་རི་ཀའི་རོགས་ཚོགས་འདིས། ཨ་མི་རི་ཀའི་མི་མང་གི་གཏོང་ཕོད་ཀྱི་མཚོན་གྱི་ཡོད་ཅེས་ངོ་སྤྲོད་གནང་གི་འདུག
ཨ་མི་རི་ཀའི་རོགས་ཚོགས་ USAID ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འདས་པའི་ལོ་མང་རིང་མཐུན་འགྱུར་རོགས་རམ་ཆེ་ཤོས་གནང་མཁན་ཞིག་ཡིན་པས། ད་ལན་ཡང་རྒྱ་གར་དང་འབྲུག་ཡུལ་ནང་གི་རོགས་ཚོགས་ཀྱི་ལས་འཆར་འགན་འཛིན་དང་ཕྱག་སྦྲེལ་གནད་ཡོད་རྣམས་བཞུགས་སྒར་དུ་ཆེད་བཅར་དང་མཚུངས།བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་འཆར། ལས་དོན་གལ་ཆེའི་རིགས་བཅས་ལ་རྒྱུས་ལོན་གཏིང་ཟབ་གནང་ཡོད་པ་མ་ཟད། འབྱུང་འགྱུར་གྱི་རོགས་སྐྱོར་ལས་གཞི་འདྲ་མིན་ཐད་གོ་བསྡུར་ཡང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།