ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གནས་སྤོ།
2014.04.07

བོད་མིའི་སྒྲིག་འཛུགས་གྱི་བྱང་ཨ་མིའི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནེའུ་ཡོག་ནས་ རྒྱལ་ས་ཝ་ཞིན་ཀྲོན་ལ་གནས་སྤོར་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས༦ཉིན་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནེའུ་ཡོག་གྲོང་ཁྱེར་ནས། རྒྱལ་ས་ཝ་ཞིན་ཀྲོན་ལ་གནས་སྤོར་གནང་ཡོད་པ་དང་། ཉིན་དེར་དོན་གཅོད་ལས་ཁུངས་གསར་བར་ཆོས་ཕྱོགས་རབ་གནས་གནང་བའི་མཛད་སྒོ་ཞིག་འཚོགས་འདུག སྐུ་ཚབ་དོན་གཅོད་ཀྱི་ལས་དོན་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་བཀོད་དོན་ལྟར་ན། སྐུ་ཚབ་དོན་གཅོད་ཁང་ཁག་ནས། རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག མི་སྒེར་གནད་ཡོད་ཁག་བཅས་ལ་མཛའ་འབྲེལ་གསར་གཏོད་དང་། མཇུག་གནོན། གོང་གསལ་སྒྲིག་འཛུགས་ཁག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་མཛད་བྱུས་ཁག་དང་། བོད་ནང་གི་དཀའ་རྙོག་ཁག་གི་གནས་ཚུལ་ཁག་སྐབས་འཕྲལ་མཁོ་སྤྲོད་ཞུས་ཏེ་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད་འདུག ཨ་མིའི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་རྒྱལ་ས་ཝ་ཞིན་ཀྲོན་ལ་གནས་སྤོར་བྱེད་དགོས་དོན་ཡང་། ཨ་རིའི་གཞུང་དང་། གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་ལས་དོན་སྒྲུབ་རྒྱུ་རེད་འདུག འོན་ཀྱང་ད་ལྟའི་བར་དུ་ཨ་རིའི་གཞུང་དང་། གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཆེད་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་ཀ་བྱེད་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་གྱི་སྐུ་ཚབ་དོན་གཅོད་ལས་ཁུངས་འཛམ་གླིང་གི་རྒྱལ་ཁབ་ཁག་བཅུ་གཅིག་ནང་ཡོད་པ་རེད་འདུག
གསར་འགོད་པ་དཔལ་ལྡན་རྒྱལ།