ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་ལ་གུས་བརྩི་དང་བསྔཊ་བརྗོད།
2015.02.05

ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ལ་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ལྷན་བཞུགས་གནང་ཡོད་པ་རེད།
དེ་ཡང་དེ་རིང་ཟླ་༢་ཚེས་༥་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་རྒྱས་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ལྷན་བཞུགས་གནང་པའི་སྐོར་འཛམ་གླིང་བརྒྱུད་ལམ་ཆེ་ཁག་མང་པོའི་ནང་བཀོད་སྤེལ་བྱས་ཡོད་པ་དང་། དེ་རིང་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གསོལ་སྟོན་དུ་ལྷན་ཞུགས་སུ་ཡོད་པའི་སྤྱི་ནོིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དམིགས་བསལ་གྱིས་དགའ་བསུའི་རྣམ་པ་བསྟན་པ་གནང་བ་དང་འབྲེལ་གསུང་བཤད་གནང་བའི་སྐབས་སུ། ངས་འདིར་དམིགས་བསལ་བྱོན་པ་ལེགས་ཞེས་ཞུ་འདོད་པ་གཅིག་ནི་ང་ཡི་གྲོགས་པོ་བཟང་པོ་གོང་ས་ཏཱ་ལའི་བླ་མ་མཆོག་ཡིན། ཁོང་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་རླབས་ཆེན་དཔེ་མཚོན་ཞིག་ཡིན་ལ། ཁོང་གིས་ང་ཚོ་ཚང་མ་ལ་འགྲོ་བ་མིའི་ཐོབ་ཐང་དང་རིན་ཐང་གི་ཆེད་དུ་སྐད་ཆ་ཤོད་རྒྱུའི་སེམས་ཤུགས་སྤར་གནང་གི་ཡོད། ངས་དེ་སྔོན་ཁོང་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་ཐེངས་མང་ཐོབ་བྱུང་ལ། དེ་རིང་ཡང་ཁོང་འདིར་མཉམ་བཞུགས་གནང་བར་ང་ཚོས་བཀའ་དྲིན་ཚོར་བཞིན་པའི་ངང་སླར་ཡང་འདིར་ཕེབས་པར་བཀའ་དྲིན་ཆེ་ཞེས་བརྗོད་རྒྱུ་ཡིན་ཞེས་གསུངས་འདུག
ཚོགས་ཁང་ཕྱི་རོལ་དུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གཙོས་ས་གནས་འདྲ་མིན་དང་། རྒྱལ་སའི་མངའ་ཁུལ་གྱི་བོད་མི་དང་། རྒྱབ་སྐྱོར་བ་སོགས་བརྒྱ་ཕྲག་ཁ་ཤས་འཛོམས་ནས་གསོལ་སྟོན་གྲོལ་རག་བར་དགའ་སྟོན་བསུ་མ་བྱས་ཡོད་པ་རེད།
ཚོད་དཔག་བྱས་ན་ཐེངས་འདིའི་སྔ་དྲོའི་གསོལ་སྟོན་ཐོག་སྐུ་མགོན་ཧ་ལམ་༣༦༠༠ཙམ་ལྷན་ཞུགས་གནང་ཡོད་པ་རེད།
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
ཞིབ་ཕྲ་གསོལ་སྟོན་ཚོགས་ཡུལ་ལ་ཡོད་པའི་འདི་གའི་ལས་བྱེད་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་བར་གསན་རོགས