ཨི་ཇིཔཏ་སྲིད་འཛིན་ལ་ཐག་གཅོད་མ་ནོར་བ་བྱེད་དགོས་གསུངས།
2011.02.05
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨི་ཇིཔཏ་གྱི་སྲིད་འཛིན་མུ་སྦ་རཀ་ནི་རྒྱལ་ཞེན་ཆེ་བའི་དབུ་འཁྲིད་ཞིག་ཡིན་པ་དང་དེ་ལྟ་བུའི་དབུ་འཁྲིད་ཞིག་གི་ངོས་ནས་མི་དམངས་ཀྱི་མངོན་འདོད་ལ་ཉན་སྟེ་ཐག་གཅོད་མ་ནོར་བ་ཞིག་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག། སྲིད་འཛིན་ཨོ་སྦ་མས་སྲིད་འཛིན་མུ་སྦ་རཀ་ཨི་ཇིཔཏ་གྱི་སྲིད་འཛིན་ནས་དགོངས་ཞུ་དགོས་སྐོར་དངོས་སུ་ཚིག་གི་ཐོག་ནས་གསུངས་མེད་ན་ཡང་ སྲིད་འཛིན་ཨོ་སྦ་མའི་བཀའ་མོལ་དེའི་ཤུགས་ཀྱི་གོ་དོན་ནི་མུ་སྦ་རཀ་དགོངས་ཞུ་དགོས་སྐོར་དེ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཨི་ཇིཔཏ་ནང་མུ་འཐུད་སྲིད་འཛིན་མུ་སྦ་རཀ་སྲིད་འཛིན་ལས་འཁུར་ནས་དགོངས་ཞུ་དགོས་རྒྱུར་དམིགས་པའི་མི་དམངས་སྒེར་ལངས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་ ཨ་མི་རི་ཀའི་ངོས་ནས་ལོ་ངོ་གསུམ་བཅུའི་རིང་ཨི་ཇིཔཏ་གྱི་སྲིད་འཛིན་གནང་མཁན་མུ་སྦ་རཀ་གྱི་སྲིད་དབང་རྩིས་སྤྲོད་བརྟན་པོ་ཞིག་འབྱུང་ཐབས་སུ་མི་མངོན་པའི་ཐོག་ནས་ལས་དོན་སྤེལ་བཞིན་ཡོད་ཅིང་ མུ་སྦ་རཀ་གྱི་སྲིད་འཛིན་གྱི་དུས་ཡུན་དེའི་རིང་ཨི་ཇིཔཏ་ནི་དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་དེའི་ནང་གི་ཨ་མི་རི་ཀའི་མཐུན་ཕྱོགས་ཡུལ་གྲུ་གལ་འགངས་ཆེ་ཤོས་གྲས་ཞིག་ཡིན་པ་དང་ ད་ཆ་ཨི་ཇིཔཏ་གྱི་སྲིད་དབང་རྩིས་སྤྲོད་ཀྱི་འཕོ་བསྒྱུར་གྱི་གནས་བབས་ཐད་ཨ་མི་རི་ཀས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ་སེམས་ཚབས་ཀྱང་ཆེན་པོ་བྱེད་བཞིན་ཡོད་པ་རེད།