ཆོས་བརྒྱུད་རིས་མེད་ཀྱི་བཙུན་མ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ།
2018.02.26
རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བཙུན་མ་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་འབུལ་རྒྱུ་རེད།
དེ་ཡང་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་སུ་ཆགས་པའི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བོད་ཀྱི་ཆོས་རྒྱུད་ཁག་ལྔའི་བཙུན་དགོན་༤༠ཙམ་གྱིས་ཕྱི་ཟླ་གསུམ་པའི་ཚེས་གཅིག་སྟེ་བོད་ཟླ་དང་པོའི་ཚེས་༡༤ཉིན་བཞུཊ་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་འབུལ་རྒྱུ་ཡིན་འདུག
བཙུན་མའི་མགྲིན་ཚབ་མ་ཞིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་སྤྱིར་འཛམ་བུ་གླིང་དང་སངས་རྒྱས་ཀྱི་བསྟན་པ། ནང་སྒོས་སུ་བཙུན་མ་ཚོར་བཀའ་དྲིན་ཆེན་པོ་ཡིན། ༧གོང་ས་མཆོག་གིས་ལོ་ངོ་༣༠ནས་༤༠འི་སྔོན་ནས་བཙུན་མ་ཚོར་སློབ་གཉེར་གྱི་གོ་སྐབས་འདྲ་མཉམ་ཐོབ་རྒྱུར་བཀའ་སློབ་ཡང་ཡང་གནང་ཡོད་ཅིང་། དེ་ལ་བརྟེན་ནས་ཆོས་བརྒྱུད་སོ་སོའི་བླ་ཆེན་ཚོས་ཁུར་བཞེས་ནས་བཙུན་དགོན་ལ་ལར་སློབ་དཔོན་ཐོན་ཡོད་ལ། དགེ་ལུགས་ལ་མཚོན་དགེ་བཤེས་མ་༢༦ཐོན་ཡོད་པ་འདི་དག་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ། ཕབ་བཤུས་རྡོ་རྗེ་མཚོ།