བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག
2011.10.17
༄༅༎དེ་རིང་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་ན། དེ་རིང་སྟེ་(ཕྱི་ཟླ་༡༠པའི་ཚེས་༡༧ཉིན)ཕྱི་དྲོའི་དུས་གསུམ་པ་བཞི་བ་ཙམ་ལ་མདོ་སྨད་རྔ་བ་རྫོང་བསུ་བའི་ཇོ་མོ་དགོན་པའི་ཨ་ནེ་ཞིག་གིས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་ལ། ཇོ་མོ་དགོན་པ་དེ་རྔ་བ་རྫོང་ཐོག་དང་སྤྱི་ལེ་གསུམ་བཞི་ཞིག་སར་ཡོད་པ་དང་། ཇོ་མོ་དགོན་པའི་ཨ་ནེ་དེས་དགོན་པའི་འགྲམ་གྱི་གཞུང་ལམ་ཞིག་གི་སྟེང་སོང་ནས་རང་ལུས་མེར་བསྲེག་བཏང་ཡོད་པ་དང་། ལུས་པོ་ཚང་མ་མེར་ལྕེ་འབར་བ་མཐོང་མཁན་གྱིས་བརྗོད་པ་ལས་། ད་ལྟའི་གནས་ཚུལ་གང་འདྲ་ཡིན་མིན་དང་གྲོངས་ཡོད་མེད་། ཨ་ནེ་དེའི་ལོ་དང་མཚན་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་ལ། རྫོང་དང་ཅུང་ཐག་རིང་པོ་ཡིན་པས་ཉེན་རྟོག་པའང་སྐབས་དེར་ས་གནས་སུ་ཐོན་མེད་ཟེར། གནས་ཚུལ་འདི་ད་ལྟ་རྒྱ་གར་ཏུ་ཡོད་པའི་ཀིརྟི་བྱེས་བ་གྲྭ་ཚང་གི་འབྲེལ་མཐུད་པར་འྲི་སྐབས་།གནས་ཚུལ་བདེན་པ་ཡིན་པ་གསུང་ཡོད་ཀྱང་། ད་ལྟ་ཁོང་ཚོས་གསལ་བསྒྲགས་སྤེལ་རྩིས་བྱེད་བཞིན་པའི་སྒང་ཡིན་པས་། དུས་ཚོད་གཅིག་གི་རྗེས་ནས་འབྲེལ་བ་བྱེད་རོགས་ཟེར།།