རྒྱ་ནག་ཏུ་མི་༨༠ལ་ཕག་པའི་རིམས་ནད་ཕོག་ཡོད་པ།
2009.06.07
༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་ནང་བསྐྱར་དུ་ཕག་པའི་རིམས་ནད་ཨེཇ་༡ཨེན་༡ཟེར་བའི་ནད་འབུ་འགོས་ཁྱབ་བྱུང་བའི་ནད་པ་བརྒྱད་གསར་དུ་ཐོན་ཡོད་པ་བཅས་ཁྱོན་ནད་པ་༨༠བྱུང་ཡོད་པའི་བསྡོམས་རྩིས་བཏོན་ཡོད་པ་རེད།
གོང་གསལ་ནད་པ་གསར་པ་བརྒྱད་ནང་ནས་ལོ་ན་བཅུ་གཉིས་ཡིན་པའི་རྒྱ་མིའི་ཕྲུ་གུ་ཞིག་དང་ཕྱི་རྒྱལ་བ་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ནས་ཐོན་པ་དང་པེ་ཅིང་གྲོང་ཁྱེར་ལྷན་ཁང་གིས་བཤད་ན་རྒྱ་རིགས་བུ་དེ་ནི་ཨ་མི་རི་ཀའི་ནང་སློབ་སྦྱོང་བྱེད་དུ་བསྐྱོད་དེ་རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ཨོར་ལེན་ཌོ་ནས་རྒྱ་ནག་ཏུ་ཕྱིར་ལོག་བྱས་པ་ཞིག་ཡིན་པ་དང་ཕྱི་རྒྱལ་བ་གཉིས་པོ་དེ་ནི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་ནད་རིགས་སྔོམ་འགོག་ལས་ཁང་ནས་ཡིན་པ་དང་པེ་ཅིང་དུ་ལས་དོན་སློབ་སྦྱོང་དུ་ཡོང་བ་ཞིག་ཡིན་པ་བཤད་ཡོད་པ་རེད། ད་དུང་ཧྲང་ཧད་གྲོང་ཁྱེར་གཞུང་གི་མགྲིན་ཚབ་པས་རེས་གཟའ་ཉི་མའི་ཉིན་ཧྲང་ཧད་གྲོང་ཁྱེར་ནང་ལོ་ན་༤༧ཡིན་པའི་རྒྱ་མོ་ཞིག་དང་ལོ་༢༤ཡིན་པའི་ཕེ་རན་སི་མི་རིགས་ཤིག་ལ་ཕག་པའི་རིམས་ནད་ཀྱི་ནད་འབུ་འགོས་ཁྱབ་བྱུང་བའི་གནས་ཚུལ་གསལ་བསྒྲགས་བྱས་པ་དང་དེའི་བར་ལ་རྒྱ་ནག་གི་ལྷོ་ཤར་ཕུཧུ་ཅང་ཞིང་ཆེན་གྱི་ཕུཧུ་ཀྲུའོ་གྲོང་ཁྱེར་ནང་ལོ་གཉིས་ལ་སླེབས་པའི་རྒྱ་མིའི་བུ་མོ་ཞིག་ལ་ཕག་པའི་རིམས་ནད་ཨེཇ་༡ཨེན་༡འགོས་ཁྱབ་བྱུང་ཡོད་པ་ཕུཧུ་ཅན་ཞིང་ཆེན་གྱི་འཕྲོད་བསྟེན་ཚན་པས་བཤད་ཡོད་ཅིང་དེ་ནས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་ནང་ནས་ལོ་བཅོ་བརྒྱད་སླེབས་པ་ཞིག་དང་ལོ་༥༦ཡིན་པའི་བུད་མེད་ནད་པ་གཉིས་བྱུང་ཡོད་པ་བཅས་ཁྱོན་རེས་གཟའ་ཉི་མའི་ཉིན་རྒྱ་ནག་སྐམ་ས་ཆེན་པོ་ནས་ནད་པ་བརྒྱད་གསར་དུ་ཐོན་ཡོད་པ་རེད། ད་ལྟ་བར་རྒྱ་ནག་གཞུང་གིས་གཏན་འཁེལ་བྱས་པའི་ནད་པ་ཁྱོན་༨༠གསལ་བསྒྲགས་བྱས་པའི་ནང་ནས་ཀོང་ཏུང་ཞིང་ཆེན་ནས་ནད་པ་ཉི་ཤུ་རྩ་གསུམ་དང་རྒྱལ་ས་པེ་ཅིང་ནས་བཅུ་དགུ་ཕུཧུ་ཅན་ཞིང་ཆེན་ནས་བཅོ་ལྔ་ཧྲང་ཧད་གྲོང་ཁྱེར་ནས་བཅུ་ཟི་ཁྲོན་ཞིང་ཆེན་ནས་བཞི་ཧུའུ་པེ་ཞིང་ཆེན་ནས་གསུམ་ཀྲེ་ཅང་ཞིང་ཆེན་ནས་གཉིས་ཧུའུ་ནན་ཞིང་ཆེན་དང་ཧྲན་ཏུང༌ཧྲན་ཞི་ཧེ་ནན་ཞིང་ཆེན་བཅས་ནས་ནད་པ་རེ་རེ་བཅས་ཐོན་ཡོད་ཅིང་ཡིན་ནའང་ད་ལྟ་བར་རིམས་ནད་དེའི་རྐྱེན་པས་ནད་པ་འཆི་བའི་གནས་ཚུལ་བྱུང་མེད་པ་རེད།