འགྲོ་བ་མིའི་ཐོབ་ཐང་ཐད་གོ་བསྡུར་བྱ་འདོད།
2011.06.03
༄༅༎བྱང་ཀོ་རི་ཡའི་དཔོན་རིགས་ནས། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གོ་བསྡུར་གནང་རྒྱུའི་འདུན་པ་བྱེད་ཀྱི་ཡོད་ལུགས་སྐོར་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ་ཕྱིར་ལོག་གནང་བའི་ཨ་རིའི་སྐུ་ཚབ་ནས་གསུང་ཡོད་པ་རེད།
ད་དུང་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་སྐུ་ཚབ་རོའོ་སྦཏ་ཀིང་ཡིས་གསུང་པར། བྱང་ཀོ་རི་ཡའི་དཔོན་རིགས་ནས་ཁོང་སླར་ཡང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུས་ཡོད་ལུགས་གསུང་ཡོད་པ་རེད། སྐུ་ཞབས་རོའོ་སྦཏ་ཀིང་ད་རེས་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་དེ་ནི། དབུལ་ཞིང་ཕོངས་པའི་རྒྱལ་ཁབ་དེའི་ནང་ཨ་་རིས་ཟ་འབྲུའི་རོགས་རམ་བསྐྱར་གསོ་གནང་མིན་རྟོགས་ཞིབ་གནང་བར་ཕེབས་པ་ཞིག་ཡིན་ཞིང༌། ལྷོ་ཀོ་རི་ཡའི་ཕྱོགས་ནས་ཨ་མི་རི་ཀའི་ཐོག་ནས་བྱང་ཀོ་རི་ཡར་ཆ་རྐྱེན་གང་ཡང་མ་བཏོན་པར་ཟ་འབྲུའི་རོགས་རམ་བསྐྱར་གསོ་གནང་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང༌། འོན་ཀྱང་ཁག་ཅིག་གིས་བྱང་ཀོ་རི་ཡའི་མི་སེར་རྣམས་འཚོ་གནས་ཀྱི་ཉེན་ཁའི་ཛ་དྲག་ཡོད་པར་བརྟེན་ནས་ཟ་འབྲུའི་རོགས་རམ་དང་ཆབ་སྲིད་མཉམ་བསྲེས་བྱ་རྒྱུ་མེད་པ་གསུང་མཁན་ཡོད་པ་རེད།
སྐུ་ཞབས་རོའོ་སྦཏ་ཀིང་ཕྱི་ཟླ་ལྔ་པའི་ནང་བྱང་ཀོ་རི་ཡར་གཟའ་འཁོར་གཅིག་རིང་འཚམས་འདྲི་གཟིགས་སྐོར་ཕེབས་པའི་སྙན་ཐོ་ཨ་རིའི་གྲོས་ཚོགས་སུ་ཕུལ་བའི་ནང༌། ཐོག་མར་བྱང་ཀོ་རི་ཡའི་དཔོན་རིགས་ནས་ཁོང་གི་དགོངས་འཆར་ཁག་ལ་མི་བདེ་བའི་རྣམ་འགྱུར་བཏོན་ཡོད་ཀྱང་རྗེས་སུ་དགའ་བསུ་ཞུས་ཡོད་པ་མ་ཟད། ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་བསྡུར་བྱ་རྒྱུའི་འདུན་པ་བཏོན་པ་དང༌། ལྷག་པར་དུ་ཁོང་གིས་གནད་དོན་ཁག་ཅིག་གླེང་སློང་བྱས་པ་རྣམས་ཀྱང་ཁོང་ཚོས་དོ་སྣང་བྱ་རྒྱུའི་འདུན་པ་བཏོན་བྱུང་ཞེས་དང༌། ད་དུང་བྱང་ཀོ་རི་ཡའི་དཔོན་རིགས་ཀིམ་ཀྱེག་ལྦན་ཡིས། ཁོང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་བསྡུར་གནང་བར་བསྐྱར་དུ་བྱང་ཀོ་རི་ཡར་ཡོང་རྒྱུར་མགྲོན་འབོད་བྱས་བྱུང་བས། དེ་ནི་གལ་འགངས་ཆེ་བའི་ཡར་རྒྱས་ཀྱི་གོམ་པ་ཐོག་མ་དེ་ཡིན་ཞིང༌། ང་ཚོས་བྱང་ཀོ་རི་ཡའི་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་གཏོང་དགོས་པའི་གནད་དོན་ཁག་བསམ་ཚུལ་བརྗེ་ལེན་བྱས་ཏེ་ཡར་རྒྱས་ཀྱི་རྨང་གཞི་སྐྲུན་ཐུབ་རྒྱུར་ཡིད་ཆེས་ཡོད་ཆེས་གསུང་ཡོད་པ་རེད།