བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་གྲའི་ལས་གཞི་མཚམས་འཇོག་བྱ་རྒྱུ།
2008.10.12
༄༅༎བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་གོ་མཚོན་བཟོ་གྲ་ཁག་གི་ལས་གཞི་མཚམས་འཇོག་བྱ་རྒྱུ་དང་རྒྱལ་སྤྱིའི་རྡུལ་ཕྲན་གོ་མཚོན་རྟོགས་ཞིབ་པ་རྡུལ་ཕྲན་ལས་གྲ་ཁག་མཚམས་འཇོག་བྱས་ཡོད་མེད་རྟོགས་ཞིབ་ཀྱི་ལས་དོན་མུ་མཐུད་གནང་དུ་བཅུག་རྒྱུའི་འཆར་གཞི་ཡོད་པ་རེད་
རེས་གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཚན་གསུང་འདོད་མེད་པ་ཞིག་གིས་གསུང་པའི་བཀའ་མོལ་བྱང་ཀོ་རི་ཡའི་གཞུང་གི་གསར་ཤོག་ཐོག་ལུང་འདྲེན་བྱས་པའི་ནང་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གཞི་ཁག་མཚམས་འཇོག་བྱ་རྒྱུའི་ཁས་ལེན་བྱས་པ་བཞིན་ལག་བསྟར་བྱས་ཡོད་མེད་ཁུངས་སྐྱེལ་ཐུབ་ཐབས་ལ་རྒྱལ་སྤྱིའི་རྡུལ་ཕྲན་རྟོགས་ཞིབ་པ་དང་མཉམ་ལས་བྱ་རྒྱུ་དང་ལྷག་པར་དུ་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་བྱང་ཀོ་རི་ཡ་དེ་སྔོན་འཇིགས་སྐྲུལ་དྲག་སྤྱོད་པར་རོགས་རམ་བྱེད་མཁན་ཞིག་ཡིན་པ་གསུང་སྟེ་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ཁུངས་སུ་བཅུག་པ་ད་ཆ་ཐོ་གཞུང་ནས་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་བ་དེར་དགའ་བསུ་ཞུ་རྒྱུ་དང་རྒྱལ་ཁབ་གཉིས་བར་ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་གསུམ་བར་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལས་གྲྭ་མཚམས་འཇོག་བྱ་རྒྱུའི་གནད་དོན་ཐད་གྲོས་མོལ་བྱུང་བ་བཞིན་བྱང་ཀོ་རི་ཡའི་ཕྱོགས་ནས་ཀྱང་དེ་དག་ལག་བསྟར་བྱས་ཡོད་མེད་ཐད་ར་སྤྲོད་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད་ ཡིན་ནའང་ཁོང་གིས་གནད་དོན་དེ་བཞིན་ལག་བསྟར་འཁྱོལ་མིན་དེ་ནི་གཙོ་བོ་དེ་སྔོན་ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་གཉིས་པའི་ནང་བྱང་ཀོ་རི་ཡ་དང་ཨ་མི་རི་ཀ།རྒྱ་ནག།ལྷོ་ཀོ་རི་ཡ།ཉི་ཧོང༌།ར་ཤི་ཡ་བཅས་རྒྱལ་ཁབ་དྲུག་གི་སྐུ་ཚབ་བར་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གྲྭ་མཚམས་འཇོག་བྱ་རྒྱུའི་གུན་གསབ་ཏུ་དཔལ་འབྱོར་གྱི་རོགས་རམ་བྱ་རྒྱུ་དང་བྱང་ཀོ་རི་ཡ་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱ་རྒྱུ་སོགས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏང་རྒྱུའི་ཁས་ལེན་བྱས་པ་རྣམས་ལག་བསྟར་བྱ་མིན་ལ་རག་ལུས་རྒྱུ་ཡིན་པ་ནན་བརྗོད་བྱས་ཡོད་པ་རེད།