བོད་ཀྱི་མཁས་དབང་ཆེན་མོ་ནོར་བྲང་ཨོ་རྒྱན་ལགས་སྐུ་གཤེགས་པར་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གདུང་སེམས་ཀྱི་མྱ་ངན་ཤུགས་ཆེར་ཞུ་བཞིན་འདུག

2024.11.21
བོད་ཀྱི་མཁས་དབང་ཆེན་མོ་ནོར་བྲང་ཨོ་རྒྱན་ལགས་སྐུ་གཤེགས་པར་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གདུང་སེམས་ཀྱི་མྱ་ངན་ཤུགས་ཆེར་ཞུ་བཞིན་འདུག བོད་ཀྱི་མཁས་དབང་ནོར་བྲང་ཨོ་རྒྱན་ལགས་ཀྱི་སྐུ་པར་དང་སྤྱི་ཚོགས་དྲ་ལམ་དུ་ཁོང་ལ་མྱ་ངན་རྗེས་དྲན་ཞུ་བཞིན་པའི་ཡིག་རིས། ༢༠༢༤།༡༡།༡༩ ཉིན།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༩ ཉིན། བོད་ཀྱི་མཁས་དབང་ཆེན་མོ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུས་ཞིབ་འཇུག་པ་ཆེན་མོ། ནོར་བྲང་ཨོ་རྒྱན་ལགས་དགུང་གྲངས་ ༩༡ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་པ་དང་། བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་ཁོང་སྐུ་གཤེགས་པར་གདུང་སེམས་མཉམ་སྐྱེད་དང་། ཁོང་གིས་བོད་ཀྱི་བཅུ་ཕྲག་རིག་གནས་ལ་བཞག་པའི་མཛད་རྗེས་དྲན་པའི་ཡི་གེ་སྣ་ཚོགས་སྤེལ་བཞིན་འདུག་ལ། དྲ་མིང་ལ་རང་བྱུང་ཞེས་པའི་བོད་མི་ཞིག་གིས།  བོད་ཀྱི་མཁས་དབང་དམ་པ་ནོར་བྲང་ཨོ་རྒྱན་མཆོག་སྐུ་གཤེགས་པར་མྱ་ངན་ཞུ། དམ་པ་ཁོང་གིས་གཞལ་དུ་མེད་པའི་རྣམ་དཔྱོད་དང་། ལྷག་བསམ་དང་བློ་སྤོབས་བཅས་ལ་བརྟེན་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ཕྱག་རྗེས་བླ་ན་མེད་པ་འཇོག་གནང་མཛད་པ་ཕྱི་རབས་པ་ཚོས་དྲན་པར་འོས་ཞེས་བཀོད་འདུག

དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཁས་དབང་གི་ཁོང་གི་སྐོར་ལ་མཆན་འདེབས་མཁན་སོགས་དང་། ཁོང་གིས་བོད་ཀྱི་རིག་གནས་ལ་བཞག་པའི་བཀའ་དྲིན་ལ་རྗེས་དྲན་སོགས་ཞུ་མཁན་མང་དག་ཅིག་ཡོང་གི་འདུག་ལ། བྱེས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་དང་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ནས། མཁས་དབང་ནོར་བྲང་ཨོ་རྒྱན་ལགས་ཀྱི་མི་ཚེའི་ཁྲོད་དུ་སློབ་གཉེར་དང་འགྱུར་བ་ཤུགས་ཆེ་ཤོས་ཕྱིན་པ་ནི་གཙོ་བོ། བཀྲ་ཤིས་ལྷུར་པོར་ལས་གནས་མཐོ་པོ་ཡོད་པའི་ཁོང་གི་སྐུ་མཆེད་བློ་བཟང་རྒྱལ་མཚན་གྱི་གཟིགས་རྟོགས་འོག་བཀྲ་ཤིས་ལྷུན་པོའི་ནང་མདོ་སྔགས་རིག་གནས་བཅས་ཀྱི་སྐུ་ཡོན་ཐོབ་ཡོད། ཕྱི་ལོ་ ༡༩༥༠ ཡས་མས་སུ་པཎ་ཆེན་སྐུ་ཕྲེང་བཅུ་པས་བཙུགས་གནང་བའི་འཕྲུལ་འཁོར་སློབ་གྲྭའི་ནང་ཕྱག་ལས་གནང་ཡོད་པ་དང། བོད་ལ་དུས་འགྱུར་བྱུང་རྗེས་རྒྱ་ནག་གི་འོག་ལ་ཕྱག་ལས་ཆུང་ཙག་རིགས་གནང་ཡོད་ལ། ཕྱིས་སུ་ལོ་རབས་བརྒྱད་བཅུ་པའི་ནང་བོད་ཀྱི་རིག་གནས་སླར་གསོ་དང་ཉམས་གསོ་ཡིས་བརྒྱུད་རིམ་ཁྲོད་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་གི་བོད་ཡིག་ཚན་པའི་བོད་ཀྱི་དཔེ་རྙིང་པར་སྐྲུན་གྱི་ཐོག་ཧ་ལས་པའི་སྐུ་ལས་དང་ཐུགས་འཁུར་ཆེན་པོ་བཞེས་ཡོད་པས་གངས་ཅན་རིགས་མཛོད་ཀྱི་དེབ་ཕྲེང་སོགས་ཁོང་གི་སྐུ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། དམ་པ་ཁོང་གིས་བོད་ཀྱི་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་ཐད་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

10DE82D2-32F9-490B-8AD0-C53CC7D5DA68.jpg
མཁས་དབང་ནོར་བྲང་ཨོ་རྒྱན་ལགས་ཀྱི་གསུང་རྩོམ་ཁག་གི་པར་རིས། ཟླ་ཚེས་མི་གསལ།

མཁས་དབང་ནོར་བྲང་ཨོ་རྒྱན་ལགས་ནི་ ༡༩༣༣ ལོར་གཞིས་རྩེ་གྲོང་ཁྱེར་གདོང་དཀར་གྲོང་ཚོའི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ལོ་བདུན་གྱི་སྟེང་ནོར་བྲང་དུ་སྒེར་གྱི་བོད་ཡིག་སློབ་གྲྭ་འཛུགས་གཉེར་གནང་བའི་སློབ་ཕྲུག་གྲས་སུ་བོད་ཡིག་དང་། བོད་ཀྱི་རྡེལ་རྩིས། བརྡ་དག་གི་དཔེ་ཆ་འཛིན་སྐྱོར། ཧོར་ཡིག་སོགས་ལོ་བཅུའི་རིང་སྦྱངས་བརྩོན་གནང་། དཀའ་ཆེན་ངག་དབང་ལགས་དང་། དཀའ་ཆེན་བཟོད་པ་ལགས། དཀའ་ཆེན་པད་མ་ལགས་བཅས་མཁས་པའི་དབང་བོ་གསུམ་བསྟེན་ནས་ལོ་གསུམ་རིང་སུམ་རྟགས་དང་དག་ཡིག་ངག་སྒྲོན་སོགས་ལེགས་པར་སྦྱངས་པ་གནང་ཡོད་པ་དང་། རྗེས་སུ་བོད་ལ་རྒྱ་ནག་གིས་དབང་སྒྱུར་རྗེས་ཀྱི་ཕྱི་ལོ་ ༡༩༦༠ ནས་ ༡༩༦༨ བར་གཞིས་རྩེ་དམངས་སྲིད་མི་དོན་ཅུས་སུ་ལོ་བདུན་རིང་ཕྱག་ལས་གནང་མྱོང་ཡོད་འདུག་ལ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་དང་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ནས། ནོར་བྲང་ཨོ་རྒྱན་ལགས་ནས་བོད་ཡིག་དཔེ་ཆའི་རྩོམ་ཞུས་ཀྱི་ཕྱག་ལས་གནང་ཞོར་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་དང་མཉམ་དུ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པའི་རྩོམ་བསྒྲིགས་ཀྱི་ཕྱག་ལས་ལོ་ངོ་བཞིའི་རིང་གནང་བ་དང་། ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ ལོའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བོད་ཡིག་དཔེ་རྙིང་དཔེ་སྐྲུན་གསར་འཛུགས་གནང་བས་དབུ་འཛིན་གཞོན་པ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་མཚན་ཐོགས་ནས་ཕྱག་ལས་ལོ་གསུམ་རིང་ལ་གནང་ཡོད་པ་མ་ཟད། རྗེས་སུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་གདན་ཞུ་གནང་བའི་ཞིབ་འཇུག་པ་ཆེན་མོའི་གོ་གནས་བསྩལ་ཡོད་པ་དང་། ལས་གནས་ནས་ངལ་གསོ་མཛད་རྗེས་མུ་མཐུད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བཞིན་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་བསྐྱར་ཞིབ་ཆེད། མདོ་དབུས་ཁམས་གསུམ་གྱི་མཁས་པ་རྒྱས་འཛོམས་ཆེན་མོའི་སྟེང་མི་ལོ་བཅུ་གསུམ་གྱི་རིང་མཉམ་ཞུགས་མཛད་ཡོད་འདུག

ཁོང་གི་བརྩམས་ཆོས་ལ་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་བ་པད་དཀར་ཆུན་པོ། བོད་ཀྱི་དེབ་ཐེར་དཔྱིད་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན། རྗེ་ཙོང་ཁ་པ་ཆེན་པོའི་སྙན་ངག་གསུང་རྩོམ་བཤེས་གཉེན་སྦ་བ་ལ་གདམས་པ་ཨའི་དབྱངས་ངེས་དང་། སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ། ཆོས་ཀྱི་རྗེ་གྲགས་པ་བཟང་པོའི་བསྟོད་པ་བཅས་ཡོད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎