༸གོང་ས་མཆོག་གི་མཛད་རྣམ་གསར་པ་དབུ་འབྱེད།

ནོར་བུ་གླིང་ཁ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་གཙུག་ལག་ཁང་དུ་༸གོང་ས་མཆོག་གི་མཛད་རྣམ་གསར་པ་དབུ་འབྱེད་གནང་ཡོད་པ་རེད།

2009.10.27

༄༅༎ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་དྲུག་རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཡོད་པའི་ནོར་བུ་གླིང་ཁ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་གཙུག་ལག་ཁང་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་གསར་པ་དབུ་འབྱེད་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ཉི་ཤུ་དྲུག་གི་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་མཛད་རྣམ་དབུ་འབྱེད་ཀྱི་མཛད་སྒོ་དབུ་ཚུགས་གནང་བའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྒྱལ་ས་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགའ་ལྡན་བྱང་ཤར་ཆོས་རྗེ་རྣམ་པ་གཉིས། དཔལ་ལྡན་སྟོད་རྒྱུད་གྲ་ཚང་གི་དགེ་འདུན་གྱི་འདུས་མང་དབུས་པའི་དགེ་འདུན་པ་རྣམ་པ་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེན་མོ་སོགས་གཞུང་གི་མཛད་གཙོ་རྣམ་པ། གཞན་ཡང་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཞུགས་གནང་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ནོར་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་པ་ལྟར་རྟེན་འབྱུང་གི་གྲོ་མ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་གྲུབ་པའི་རྗེས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེས་གསར་མཇལ་དང་ཁྲི་གསོལ་གྱི་མཛད་སྒོ་བསྐྱང་གནང་ཡོད་པ་རེད། དེ་རྗེས་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་རྣམ་གླེགས་བམ་པོད་དྲུག་བྱས་པ་དེ་དབུ་འབྱེད་བསྐྱངས་གནང་བ་དང་༸གོང་ས་མཆོག་ནས་མཛད་རྣམ་རྩོམ་བྲིས་པ་རྣམས་ལ་མཇལ་ཁ་གནང་བ་མ་ཟད་མཛད་རྣམ་རྩོམ་བྲིས་ཐོག་ལ་བཀའ་སློབ་ཕེབས་ཡོད་པ་རེད། དེ་རྗེས་རྒྱལ་བ་ཀརྨ་པ་མཆོག་གིས་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཕྱག་རྟགས་གནང་གྲུབ་པའི་རྗེས་སྨན་རི་ཁྲི་འཛིན་མཆོག་གིས་ནོར་གླིང་མཐོ་རིམ་སློབ་གཉེར་ཁང་ནས་ཤེས་ཡོན་མཐར་སོན་པ་རྣམས་ལ་སློབ་དཔོན་རབ་འབྱམས་པའི་ཕྱག་འཁྱེར་གནང་སྟེ་༸རྒྱལ་བའི་མཛད་རྣམ་པ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་མཇུག་སྒྲིལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎