འཚེ་མེད་ཞི་བའི་བོད་མིའི་འཐབ་རྩོད་ལ་བསྔགས་བརྗོད་གནང་བ།
2015.03.13

ཧྥ་རན་སིའི་གྲོས་ཚོཊ་ཀྱི་བོད་དོན་རྒྱབ་སྐྱོར་ཚོཊ་ཆུང་གི་ཚོགས་གཙོས་འཚེ་མེད་ཞི་བའི་བོད་མིའི་འཐབ་རྩོད་ལ་བསྔགས་བརྗོད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཚེས་༡༢ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིསུ་རུ་ཕེབས་འབྱོར་གནང་ཐོག་ཚེས་༡༤ཉིན་རྒྱལ་ས་པེ་རིསུ་རུ་ཡུ་རོབ་ཡུལ་ཁག་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞི་རྒྱ་ཆེ་བའི་འདུ་འཛོམས་སར་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཧྥ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Michel Raison མཆོག་གིས། ཁ་ས་སྲིད་སྐྱོང་མཆོག་གྲོས་ཚོགས་ནང་གདན་ཞུས་ཀྱིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་གནང་པའི་ཐོག་འཚེ་མེད་ཞི་བར་བརྟེན་པའི་བོད་མིའི་འཐབ་རྩོད་འདི་བཞིན་བསྔགས་བརྗོད་ཞུ་འོས་པ་མ་ཟད། མིག་དཔེ་ལྡན་པའི་འཐབ་རྩོད་ཞིག་དང་། བོད་མིའི་འཐབ་རྩོད་འདིར་ཧྥ་རན་སི་མི་མང་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད་སྐོར་གསལ་འདོན་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་པར་ཐུགས་བརྗེ་ཞུས་གནང་པ་དང་སྦྲགས་བོད་མིའི་འཐབ་རྩོད་འདི་བཞིན་འཛམ་གླིང་ཕྱོགས་གང་སར་ལྟ་བ་མཁྲེགས་བཟུང་དང་དྲག་ཟིང་གི་ངོ་བོ་མཚོན་པའི་འཐབ་རྩོད་ལྟ་བུ་མ་ཡིན་པར་འཚེ་མེད་ཞི་བའི་ལམ་གྱི་འཐབ་རྩོད་ཞིག་ཡིན་པར་སོང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་གལ་ཆེ་བའི་སྐོར་ནན་སྐུལ་གནང་འདུག
གསར་འགོད་ལྷན་ཚོགས་དེའི་སྐབས་ཧྥ་རན་སི་བརྙན་འཕྲིན་དང་། རླུང་འཕྲིན། དེ་བཞིན་གསར་ཤོག་ཆེ་གྲས་ཁག་དྲུག་ཙམ་གྱི་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བོད་དོན་སྐོར་བཅར་འདྲི་ཞུས་འདུག་པར་སྲིད་སྐྱོང་མཆོག་གིས་ལན་འདེབས་སུ། བོད་ནང་རང་ལུས་མེར་བསྲེག་གི་བྱུང་རྐྱེན་དེ་རྒྱ་ནག་གི་ཆེས་གདུག་རྩུབ་དང་། དྲག་གནོན་གྱི་སྲིད་ཇུས་ལ་མ་བཟོད་པར་བྱུང་བ་ཞིག་དང་། གལ་སྲིད་བོད་ནང་དྲག་གནོན་མཚམས་འཇོག་བྱས་ཚེ་རང་ལུས་མེར་བསྲེག་གི་དོན་རྐྱེན་ཡང་མཚམས་འཇོག་འགྲོ་ངེས་ཡིན་པ་གསལ་འདོན་གནང་འདུག གཞན་ཡང་། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོ་བྱེད་པའི་སྲིད་ཇུས་འོག་བོད་ནང་གི་བོད་མི་རྣམས་དཔལ་འབྱོར་ཟུར་འབུད་དང་། རིག་གཞུང་མཉམ་བསྲེས་བྱེད་དུ་བཅུག་པ་ལས་བོད་ཀྱི་རིག་གཞུང་རྩ་བརླག་འགྲོ་ཉེན་དང་། དེ་བཞིན་ཁོར་ཡུག་གཏོར་སྐྱོན་འགྲོ་བཞིན་པའི་གནས་སྟངས་བཅས་ལ་བློ་འཚབ་ཤུགས་ཆེ་ཡོད་པ་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།