ནོ་སྦེལ་གཟེངས་རྟགས་བཞེས་མཁན་༡༠༠ལྷག་གིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་གསུང་བཤད་ལ་འགོག་རྐྱེན་བཟོ་ཐབས་བྱས་པར་སྐྱོན་བརྗོད།

2021.07.29
ནོ་སྦེལ་གཟེངས་རྟགས་བཞེས་མཁན་༡༠༠ལྷག་གིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་གསུང་བཤད་ལ་འགོག་རྐྱེན་བཟོ་ཐབས་བྱས་པར་སྐྱོན་བརྗོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་པ་མཉམ་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྫས་སྦྱོར་ཚན་རིག་པ་ ལི་ ཡུའན་ ཚེ་(Lee Yuan-tseh)
དགའ་ལྡན་ཕོ་བྲང་ཡིག་ཚང་།

རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐེ་ཝན་གྱི་རྫས་སྦྱོར་རིག་པའི་ཚན་རིག་པ་གྲགས་ཅན་ Lee Yuan-tseh རྣམ་གཉིས་ཨ་རིའི་རྒྱལ་ཡོངས་ཚན་རིག་ཚོགས་ཆེན་ཐོག་གསུང་བཤད་གནང་རྒྱུར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་གིས་དགག་བྱ་བྱས་པར། གཞི་ཡུལ་འདྲ་མིན་ཐོག་ནོ་སྦེལ་བྱ་དགའ་བཞེས་པ་པོ་བརྒྱ་ལྷག་གིས་རྒྱ་ནག་གཞུང་གི་ཐུབ་རྩོད་ཀྱི་བྱ་སྤྱོད་འགོག་ཐབས་སུ་ངོ་རྒོལ་ཞུ་ཡིག་ལ་མཚན་རྟགས་སྐྱོན་འདུག

ནོ་སྦེལ་བྱ་དགའ་བཞེས་པ་པོ་དེ་དག་གིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཕྱི་ལོགས་སུ་གཉེར་བའི་ཚོགས་འདུ་ཞིག་ཀྱང་བཀག་འགོག་བྱེད་ཐབས་བྱེད་པ་འདི་ནི་ཚད་ལས་བརྒལ་བའི་བག་མེད་ཀྱི་སྤྱོད་ཚུལ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་གསུང་སྒྱུར་བ་འབུམ་རམས་པ་དགེ་བཤེས་བླང་རི་ཐུབ་བསྟན་སྦྱིན་པ་ལགས་ཀྱིས།  རྒྱ་ནག་གཞུང་གི་བྱ་སྤྱོད་འདི་ནི་མིག་རྒྱང་ཆུང་བའི་བྱ་སྤྱོད་ཅིག་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་འདི་ཉིད་འཛམ་གླིང་གི་སྤྱི་ཚོགས་ནང་དུ་ཚུད་ཐབས་སུ་དགོངས་གཞི་གསུངས་མཁན་ཞིག་ཡིན་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཚན་རིག་པ་རྣམས་ཀྱིས་གུས་བརྩི་དང་མོས་པ་ཞུ་གི་ཡོད་པས།  ཚོགས་ཆེན་འདི་རིགས་ཀྱི་ཐོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུར་ཚན་རིག་པ་ཚོས་དགའ་གུས་ཞུ་ཡི་ཡོད་རེད་ཅེས་གསུངས་བྱུང་།

རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ཡོངས་ཚན་རིག་པའི་ཤེས་ཡོན་བསྟི་གནས་ཁང་གིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་།  ང་ཚོ་ནོ་སྦེལ་གཟེངས་རྟགས་བཞེས་མཁན་རྣམས་ལ་ནོ་སྦེལ་གཟེངས་རྟགས་ཚོགས་འདུ་ཁག་སྔ་རྗེས་རིམ་པ་ཚོགས་པའི་གནས་སྐབས་དང་དེའི་སྔོན་ཚུད་ནས་འགོག་རྐྱེན་གྱི་གནས་ཚུལ་མང་པོ་བྱུང་བཞིན་ཡོད་པས་ཐུགས་ཚབས་ཆེན་པོ་ཡོད་ཅེས་བཀོད་ཡོད་པ་རེད།

ཞུ་ཡིག་འདིའི་ཐོག་གཞི་ཡུལ་མི་འདྲ་བའི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཁོངས་ནས་ཚན་རིག་པ་བཅུ་ཕྲག་འགའ་ཤས་དང་།  འཛམ་གླིང་ནང་གྲགས་ཆེ་བའི་དཔལ་འབྱོར་རིག་པ་བ་ Joseph Stiglitz དང་།  རིག་གནས་ཐོག་གཟེངས་རྟགས་ཐོབ་མཁན་ཁོངས་ནས་  JM Coetzee དང་ Wole Soyinka བཅས་སོགས་ནས་མཚན་རྟགས་བསྐྱོན་ཡོད་པ་རེད།

 

གསལ་བསྒྲགས་ལྟར་ན།  ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཕྱི་ཟླ་ ༤ ཚེས་ ༢༦ ནས་ ༢༨ བར་ཚོགས་པའི་ནོ་སྦེལ་གཟེངས་རྟགས་ཀྱི་ལྷན་ཚོགས་ཐོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐེ་ཝན་གྱི་ཚན་རིག་པ་རྣམ་གཉིས་བཀའ་མོལ་གནང་མཁན་གྱི་ཁོངས་ནས་ཕྱིར་འཐེན་བྱ་དགོས་པ་བརྗོད་ཡོད་ཀྱང་།  ཚན་རིག་སྡེ་ཚན་གྱི་མགྲིན་ཚབ་པས་འདི་འདྲ་གསུང་བཤད་གནང་མཁན་རྣམས་ཕྱིར་འཐེན་བྱས་མེད་ཅེས་བརྗོད་ཡོད་པ་རེད།

མགྲིན་ཚབ་པས་གསུངས་ན།  ནོ་སྦེལ་ཐེབས་རྩ་དང་མཉམ་སྦྲེལ་གྱི་ཚོགས་འདུ་གོ་སྒྲིག་གནང་མཁན་ཨ་རིའི་རྒྱལ་ཡོངས་ཚན་རིག་པའི་ཤེས་ཡོན་བསྟི་གནས་གི་མཐོ་གྲས་མི་སྣ་ཞིག་ལ་ཕྱི་ཟླ་ ༣ དང་ ༤ པའི་ནང་ཁ་པར་ཐེངས་འགའ་ཤས་འབྱོར་བ་དང་།  ཚོགས་འདུ་ཚོགས་པའི་ཉིན་གཅིག་གི་གོང་ལ་གློག་འཕྲིན་ཡི་གེ་ཡང་འབྱོར་ནས་དགོས་འདུན་འདི་བསྐྱར་ཟློས་བྱས་ཡོད་པ་ར་སྤྲོད་བྱས་ཡོད་པ་རེད།

ཨ་རིའི་ RAND Corporation ཁེ་མེད་ཉམས་ཞིབ་ཁང་གི་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ།  འབུམ་རམས་པ་ སྀཀོཊ་ཧེ་རོལཌ་ལགས་སུ་རྒྱ་ནག་གཞུང་གིས་བྱ་སྤྱོད་འདིའི་ཐད་བཀའ་འདྲི་ཞུས་དུས།

ཁོང་གིས་གསུངས་དོན་དུ།  གུ་ཡངས་རང་བཞིན་གྱི་རྒྱལ་སྤྱིའི་གོ་རིམ་འཛིན་མཁན་ཨ་མི་རི་ཀ་དང་།  ཡོ་རོབ་མཐུན་ཚོགས།  ཨེ་ཤེ་ཡའི་ནང་གི་ལྟ་བ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་འདི་འདྲའི་ཐེ་གཏོགས་ཀྱི་བྱ་སྤྱོད་ལ་གདོང་ལེན་བྱས་དེ་སྐྱོན་བརྗོད་བྱས་དགོས་ཤིང་།  འདི་ནི་རྒྱལ་སྤྱིའི་ངོས་ནས་འཛམ་གླིང་ནང་ཞི་བདེའི་ལྟ་བ་སྤེལ་བའི་ཐབས་ལམ་རྣལ་མ་ཞིག་ཡིན་པས།  འདི་འདྲའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐེ་ཝན་ཚན་རིག་པ་ཚོས་ཕན་ནུས་སྐྲུན་པའི་དགོངས་གཞི་ལ་འདི་འདྲའི་དངངས་ཚབས་ཆེན་པོའི་ཐོག་ནས་འགོག་རྐྱེན་བཟོ་དགོས་དོན་ཡོད་མ་རེད་ཅེས་གསུངས་བྱུང་།

ཁོང་གིས་ད་དུང་འདིའི་ཐད་ལ་སྤྱི་མང་གི་ཚོགས་སྡེ་ཁག་དང་ཚོང་འབྲེལ་གྱི་སྡེ་ཚན་ཁག་ནས་འདིར་གདོང་ལེན་བྱེད་དེ་སྐད་ཆ་བཤད་ན་འོས་འཚམས་ཞིག་ཡིན་པ་དང་། འདི་ནི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་ཐུགས་པ་རེད་ཅེས་གསུངས་ཀྱི་འདུག

ནོ་སྦེལ་གཟེངས་རྟགས་བཞེས་མཁན་རྣམས་པས་མཉམ་འདུས་ཀྱི་ཞུ་ཡིག་སྤེལ་བ་ལྟར་ན།  ཚོགས་འདུའི་བརྒྱུད་རིམ་ཁྲོད་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་བརྙན་འཕྲིན་བརྒྱུད་ནས་ལས་རིམ་ཞིག་ཚོགས་སྐབས་བར་ཆད་བཟོས་ཡོད་པ་དང་།  ཕྱི་ཉིན་ཡང་ཚོགས་པའི་གླེང་སྟེགས་ལ་ཡོངས་སུ་བར་ཆད་བཟོས་པ་སོགས་བྱུང་ཡོད་པ་ཡང་གསལ་སྟོན་བྱས་འདུག།

གསར་འགོད་པ། སྐལ་ལྡན་བློ་གྲོས། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎