༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ Abiy Ahmed མཆོག་ལ་འཚམས་འཕྲིན་སྩལ་བ།
2019.10.12
ཨ་ཧྥི་རི་ཀའི་ཨི་ཐོ་ཕི་ཡའི་རྒྱལ་ཁབ་ཀྱི་སྲིད་བློན་ Abiy Ahmedམཆོག་སྲིད་བློན་དུ་བསྐོས་ནས་ཡུན་རིང་འགོར་མེད་ནའང་། ཁོང་གིས་ཨི་ཐོ་ཕི་ཡ་རྒྱལ་ཁབ་དང་། ཁྱིམ་མཚེས་ཨི་རེ་ཁྲེ་རི་ཡ་གཉིས་ཀྱི་དབར་ས་མཚམས་རྩོད་རྙོག་ལ་བརྟེན། ཡུན་རིང་འཁྲུག་རྩོད་ཤུགས་ཆེ་ཡོང་བཞིན་པ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་གནང་ཡོད་ཁར། ཨི་ཐོ་ཕི་ཡ་རྒྱལ་ནང་དུ་དཔལ་འབྱོར་དང་སྲིད་དོན་གྱི་བསྒྱུར་བཅོས་ཆེན་པོ་གནང་ཡོད་པ་སོགས་ཀྱིས་སྲིད་བློན་ཁོང་ལ་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་སྐོར་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ཡོངས་གྲགས་གནང་ཡོད་པར། བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀྲ་ཤིས་རྟེན་འབྲེལ་གྱི་འཚམས་འཕྲིན་སྩལ་བའི་ནང་། ཁོང་གིས་གོང་གསལ་རྒྱལ་ཁབ་གཉིས་བར་མཛའ་འབྲེལ་བཙུགས་ཐུབ་པ་ནི། ཡུལ་དེ་གཉིས་ཀྱི་མི་སེར་ཙམ་མ་ཟད། འཛམ་གླིང་སྤྱི་ལ་ཀུན་ཕན་གྱི་མིག་ལྟོས་བཟང་པོ་ཞིག་ཡིན་པར་བཀའ་སྩལ་ཡོད་པ་རེད། གཞན་ཡང་སྲིད་བློན་ཁོང་གིས་ཁོར་ཡུག་གི་ཐོག་དོ་སྣང་གནང་སྟེ། རྒྱལ་ནང་དུ་ཤིང་སྣ་མང་པོ་འདེབས་འཛུགས་སོགས་བྱེད་བཞིན་པར་༸གོང་ས་མཆོག་གིས་བསྔགས་བརྗོད་གནང་བ་དང་འབྲེལ། ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེས། གླིང་ཆེན་ཨ་ཧྥི་རི་ཀའི་ཡུལ་ལུང་ཕན་ཚུན་བར་འཆམ་མཐུན་དང་ཡར་རྒྱས་ཡོང་བར་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་ཕེབས་འདུག།ཨི་ཐོ་ཕི་ཡ་རྒྱལ་ཁབ་ཀྱི་སྲིད་བློན་ཨསྦི་ཨག་མེ་ཏུ་མཆོག་སྲིད་བློན་དུ་བདམས་ནས་ལོ་གཉིས་ཙམ་གྱི་ནང་། མང་གཙོ་དང་སྨྲ་བརྗོད་རང་དབང་རྒྱ་ཁྱབ་ཏུ་སྤེལ་ཡོད་པའི་མུར། ཕྱོགས་འགལ་ཚོགས་མི་བཙོན་ཁང་དུ་ཡོད་པ་ཚོ་གློད་གྲོལ་དང་། དམིགས་བསལ་བུད་མེད་ཚོར་ནུས་སྟོབས་གོང་སྤེལ་ཆེད་བློན་ཆེན་རིམ་པའི་ནང་ཕོ་མོ་གྲངས་ཀ་འདྲ་མཉམ་བྱས་པ་སོགས། དུས་ཐུང་ནང་བསྒྱུར་བཅོས་གསར་པ་མང་པོ་ཞིག་བཏང་ཐུབ་ཡོད་ཅིང་། སྲིད་བློན་ཁོང་ནི་ཕྱི་ལོ་ ༡༩༧༦ ལོར་འཁྲུངས་ཏེ་ད་ཆ་དགུང་ལོ་ ༤༣ ཡིིན་པ་དང་། དེ་སྔ་དམག་དཔུང་གི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་དང་། གྲོས་ཚོགས་འཐུས་མི་བཅས་ཀྱང་གནང་མྱོང་ཡོད་པ་རེད།