འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར།
2009.02.20
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་དམིགས་བསལ་རྟོགས་ཞིབ་སྐུ་ཚབ་རེས་གཟའ་སྤེན་པའི་ཉིན་འབར་མའི་ནང་འཚམས་འདྲིར་ཕེབས་འབྱོར་གྱིས་རེས་གཟའ་ཕུར་བུའི་ཉིན་འཚམས་འདྲི་མཇུག་སྒྲིལ་བ་དང་ཡིན་ནའང་འབར་མའི་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་སྐོར་གསུང་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་སྐུ་ཚབ་ཏོ་མ་སེ་ཁིན་ཏ་ན་ཡིས་ད་རེས་འབར་མའི་ནང་ཉིན་དྲུག་རིང་འཚམས་འདྲི་གནང་བའི་རིང་དྲག་པོའི་གཞུང་གིས་ཆབ་སྲིད་བཙོན་པ་ཁག་ཅིག་དང་ཐུག་འཕྲད་བྱེད་དུ་བཅུག་ཡོད་ཀྱང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་ཐུག་འཕྲད་བྱེད་དུ་བཅུག་མེད་ཅིང་ཁོང་རེས་གཟའ་ཕུར་བའི་ཉིན་འཚམས་འདྲི་གྲུབ་ཏེ་ཐའེ་ལེན་དྲིའི་རྒྱལ་ས་སྦེང་ཀོག་ཏུ་ཕེབས་ཐོན་གནང་བའི་སྐབས་གསར་འགོད་པར་གསུང་དོན་ལ་ཁོང་གིས་འབར་མའི་དྲག་པོའི་གཞུང་ལ་ཆབ་སྲིད་བཙོན་པ་རྣམས་རིམ་བཞིན་གློད་འགྲོལ་ཡོང་ཐབས་རེ་འདུན་གནང་བ་དེར་མོས་མཐུན་བྱས་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་མེད་པའི་སྐོར་གསུང་ཡོད་པ་རེད། འབར་མའི་རྒྱལ་ཁབ་དེ་བཞིན་ཕྱི་ལོ་༡༩༦༢ནས་བཟུང་དྲག་པོའི་སྲིད་དབང་འཛིན་བཞིན་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་གསུང་ན་འབར་མའི་དྲག་པོའི་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་དམངས་གཙོའི་ལས་འགུལ་སྤེལ་མཁན་ཐོག་རྡུང་རྡེག་བཏང་བ་མ་ཟད་ཆབ་སྲིད་བཙོན་པ་ཉིས་སྟོང་བརྒྱ་ལྷག་བཙོན་འཇུག་བྱས་ཡོད་པའི་བསྡོམས་རྩིས་བཏོན་པ་བཞིན་ད་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དམངས་གཙོ་ཅན་ཏུ་བཅོས་བསྒྱུར་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་པ་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མེད་པའི་གནས་སྟངས་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།