༧གོང་ས་མཆོག་ལ་སེམས་ཁྲལ་གནང་དགོས་བའི་སྙུང་གཞི་མི་འདུག
2016.01.22
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མི་ནེ་སོ་ཀྲའི་ནང་གི་མེ་ཡོ་སྨན་ཁང་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་པ་རེད།
དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཟླ་བ་འདི་ཚེས་༢༠ཉིན་ཨ་མི་རི་ཀའི་ནུབ་དཀྱིལ་མངའ་སྡེ་མི་ནེ་སོ་ཀྲ་Minnsesotaནང་ཡོད་པའི་Mayo Clinicཞེས་བའི་གྲགས་ཅན་སྨན་ཁང་དུ་ཕེབས་ནས་སྐུ་གཟུགས་བརྟགས་དཔྱད་གནང་རྒྱུ་དབུ་ཚུགས་གནང་ཟིན་འདུག
དེའི་ཐད་སྨན་ཁང་གི་འབྲེལ་ཡོད་སྨན་པས་སྤྱི་བསྒྲགས་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཁམས་ལ་དམིགས་བསལ་གནད་འགག་ཆེ་བ་དང་། སེམས་ཁྲལ་གནང་དགོས་བའི་སྙུང་གཞི་གང་ཡང་མེད་པ་དང་། ༧གོང་ས་མཆོག་དགུང་ལོ་༨༠ ཟིན་ཚོད་ཀྱིས་རྒྱུན་ལྡན་ལྟར་བདེ་ཐང་ཡིན་སྐོར་འགྲེལ་བརྗོད་གནང་འདུག
འདི་ཚེས༡༩ཉིན། ༧གོང་ས་མཆོག་བཞུགས་སྒར་ཉེ་འཁྲིས་གྷ་གྷལ་གནམ་ཐང་ནས་ཕེབས་ཐོན་མ་གནང་བའི་གོང་། རྒྱ་གར་གྱི་གསར་འགོད་པ་ཚོས་༧གོང་ས་མཆོག་ཨ་རིར་ཕེབས་དོན་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། སྐུ་ཉིད་ཨ་རིའི་མེ་ཡོ་སྨན་ཁང་ནང་འདས་བའི་ལོ་ངོ་དགུ་ཙམ་རིང་སྐུ་གཟུགས་བརྟག་དཔྱད་གནང་བར་ཕེབས་བཞིན་ཡོད་པས་། སྨན་པས་ཕྲན་བུའི་གཟབ་གཟབ་བྱེད་དགོས་པའི་གནད་དོན་འགའ་ཤས་ཐོག་གསུངས་ཡོད་སྟབས། ད་རེས་སླར་ཡང་བརྟག་དཔྱད་གནང་ནས་གལ་སྲིད་སྨན་བཅོས་དགོས་ངེས་ཆགས་པ་ཡིན་ན་དེར་གཞིགས་པས་སྨན་པས་གནང་གི་རེད། ཡིན་ནའང་ད་ལྟའི་ཆར་མིག་ལ་ཉིན་ཤས་གོང་ནས་བཟུང་ཕྲན་བུའི་མི་བདེ་བ་འདུག་པ་ལས་དེ་མིན་གང་ཡང་མེད་ཅེས་དང་། ད་དུང་ཕྱི་ཟླ་གསུམ་པའི་ཟླ་དཀྱིལ་ཙམ་ལ་ཕྱིར་བཞུགས་སྒར་དུ་ཕེབས་རྒྱུའི་འཆར་གཞི་ཡོད། ཨ་རིའི་ནང་སྐུ་ངལ་གསོ་བ་དང་མཉམ་བཞུགས་རྒྱུན་རིང་མི་ནེ་སོ་ཀྲ་མངའ་སྡེའི་ཉེ་འཁྲིས་སུ་ཆགས་པའི་Wisconsinམངའ་སྡེའི་ནང་། ཚན་རིག་པ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་རྒྱུ་ཡིན་ལུངས་ཀྱང་གསུངས་ཡོད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།