རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཚན་ཕྱིར་བསྡུ་བྱས་པ་སོགས་ཀྱིས། བོད་པ་ཡིན་པའི་འདུ་ཤེས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས། བོད་ཀྱི་ཤེས་རིག་རྩ་གཏོར་གཏོང་མི་ཐུབ།

2023.10.28
རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཚན་ཕྱིར་བསྡུ་བྱས་པ་སོགས་ཀྱིས། བོད་པ་ཡིན་པའི་འདུ་ཤེས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས། བོད་ཀྱི་ཤེས་རིག་རྩ་གཏོར་གཏོང་མི་ཐུབ། བོད་ཀྱི་སྐད་ཡིག་སྐོར་ལ་ཆེད་མཁས་པ་ཧྥ་རན་སིའི་མི་རིགས་Nicolas Tournadre ཉི་སྐུ་བདེ་ཆེན་རབ་བརྟན་ལགས།
Nicolas Tournadre

རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་སྤྱི་དང་ཁྱད་པར་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་འདི་ལོ་སྤྱི་ཟླ་༩པའི་ནང་སློབ་མགོ་བཙུགས་པ་ནས་བཟུང་། བོད་ཡིག་སློབ་འབྲིང་ཁག་ཏུ་བོད་ཡིག་གི་ཁྲིད་གཞི་ཁག་མེད་པར་བཟོས་ཏེ་ཕྱིར་བསྡུ་བྱས་པ་དང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་དུའང་ལོ་ཤས་ནས་བཟུང་། སྲིད་ཇུས་དེ་ལག་བསྟར་གྱི་ཚོད་བལྟ་ཐེངས་མང་བྱས་པར་ངོ་རྒོལ་གྱི་གནས་ཚུལ་ལྷག་བཞིན་པ་སོགས་ཀྱི་ཐད། བོད་ནང་མི་ལོ་ཉི་ཤུ་ལྷག་རིང་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་ཉམས་ཞིབ་ཕྱག་ལས་གནང་སྟེ། བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་ཡོ་རོབ་ཧྥ་རན་སིའི་མི་རིགས་སྐུ་ཞབས་Nicolas Tournadre ཉི་སྐུ་བདེ་ཆེན་རབ་བརྟན་ལགས་ནས། རྒྱ་ནག་གཞུང་གིས་བོད་ཡིག་སློབ་གྲྭ་མང་པོ་སྒོ་བརྒྱབས་པ་དང་སློབ་ཚན་ཕྱིར་བསྡུ་བྱེད་བཞིན་པ་སོགས་ནི། རྒྱ་ནག་གུང་ཁྲན་ཏང་རང་གི་ལྟ་བ་དང་རྒྱབ་འགལ་ཆགས་ཏེ་བོད་ཀྱི་ཤེས་རིག་རྩ་མེད་བཟོ་མི་ཐུབ་པ་མ་ཟད། དོན་གྱིས་སྲིད་ཇུས་དེས་བོད་མིའི་སེམས་ནང་ཁོང་ཁྲོ་བསླངས་པ་དང་། རྒྱ་མིའི་ཤེས་རིག་ལ་མི་དགའ་བར་བོད་པ་ཡིན་པའི་འདུ་ཤེས་ཇེ་ཆེར་འགྲོ་རོགས་ཀྱི་འབྲས་བུ་ལྡོག་ཕྱོགས་ནས་སྨིན་གྱི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་བོད་ནང་བོད་ཕྲུག་འབོར་ཆེན་བཅའ་སྡོད་སློབ་གྲྭར་བཅུག་སྟེ།བོད་རིགས་ཕ་མ་དང་བོད་ཀྱི་ཆོས་རིག་གོམས་གཤིས་དང་ཁོར་ཡུག་བཅས་ལ་ཁ་བྲལ་བཏང་སྟེ། བོད་ཕྲུག་ཚོར་ཆུང་དུས་ནས་རྒྱ་ནག་ཧན་མི་རིགས་ཀྱི་རིག་གནས་གོམས་གཤིས་སློབ་པ་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱིས་ཀླད་པ་འཁྲུད་བཞིན་པ་ཡིན་ནའང་། ཉི་སྐུ་བདེ་ཆེན་རབ་བརྟན་གྱིས་རྒྱ་ནག་གཞུང་གི་བྱེད་ཐབས་དེ་ནི་སྲིད་ཇུས་ཧ་ཅང་ཐབས་སྡུག་དང་། འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཡིན་པས། རྒྱ་ནག་གཞུང་གིས་ངེས་པར་མཚམས་འཇོག་བྱེད་དགོས་པའི་ཁར། བོད་མི་ཚོས་སོ་སོའི་རིག་གཞུང་ལ་ཡིད་ཆེས་དང་བཅོས་མའི་རིག་ནུས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད། སོ་སོའི་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་ཡར་རྒྱས་སུ་གཏོང་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཁོང་གིས་བོད་ལ་ཐུན་མོང་མ་མིན་པའི་ལོ་རྒྱུས་རིང་པོ་ཡོད་པའི་གསོ་རིག་དང་ཆོས་ལུགས། ལྷག་པར་སྒོམ་དང་རྣལ་འབྱོར།མཚན་ཉིད་རིག་པ། སྙན་ངག་སོགས་མང་པོ་ཡོད་པས་བོད་ཡིག་གཏིང་ཟབ་ཤེས་ན། འཛམ་གླིང་སྤྱི་ལ་སེམས་ཁམས་རིག་པ་དང་ཚད་མ་རིག་པ་ཁྱབ་སྤེལ་ལ་ཕན་ཐོགས་ཡོད་མུར། བོད་ནི་རྒྱ་གར་ནག་གཉིས་ཀྱི་བར་ན་ཡོད་པས་མི་རིགས་ཆེན་པོ་དེ་གཉིས་ཀའི་ལེགས་ཆ་ལེན་རྒྱུ་གལ་ཆེན་ཡིན་པ་དང་། འཛམ་གླིང་ལ་བལྟ་བའི་ལྡེ་མིག་ལྟ་བུ་དེ་སོ་སོའི་བོད་སྐད་གཞི་རྩ་ལ་བཞག་ནས་དེང་རབས་ཀྱི་ཡར་རྒྱས་དང་ཟུང་འབྲེལ་གྱིས་འགྲོ་ཐུབ་ན། བཙན་བྱོལ་ནང་བོད་མི་གཞོན་སྐྱེས་ཚོར་བོད་ཡིག་སློབ་སྦྱོང་གི་གོ་སྐབས་མང་པོ་ཡོད་པ་དང་ཕུན་སུམ་ཚོགས་པོ་ཆགས་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་སྐད་ཡིག་སྐོར་ལ་ཆེད་མཁས་པ་ཧྥ་རན་སིའི་མི་རིགས་Nicolas Tournadre ཉི་སྐུ་བདེ་ཆེན་རབ་བརྟན་ལགས་ནི།  སྤྱི་ལོ་༡༩༨༨ལོར་བོད་ནང་ཕྱིན་ཏེ་གཙོ་ཆེ་ལྷ་སུ་ཁུལ་དུ་བོད་ཡིག་སློབ་གཉེར་གནང་ཡོད་ཐོག། སྤྱི་ལོ་༡༩༩༢ལོར་ཧྥ་རན་སིའི་རྒྱལ་ས་པ་རི་སེའི་སློབ་ཆེན་དུ། བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་འབུམ་རམས་པའི་དམ་བཅའ་བཞག་པ་ནས་བཟུང་། རྒྱ་གར་དང་པ་ཀི་སི་ཏན།བལ་པོ་དང་འབྲུག བོད་ཀྱི་ས་ཁུལ་འདྲ་མིན་དུ་ཆེད་བསྐྱོད་ཀྱིས་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་མི་རིགས་ཚོའི་ཁ་སྐད་ལ་ཞིབ་འཇུག་གནང་ཡོད་པ་མ་ཟད། ལྷག་པར་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་དུ་ལོ་མང་ཞིབ་འཇུག་གི་ཕྱག་ལས་གནང་ཡོད་པ་དང་། ད་ལྟ་ཁོང་གིས་ཧྥ་རན་སིའི་Université de Provence སློབ་ཆེན་གྱི་ནང་དགེ་རྒན་ཆེན་མོའི་འགན་ཁུར་ཕྱག་ལས་གནང་གི་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎