ཆབ་སྲིད་བཙོན་པ་ངག་དབང་རྒྱལ་མཚན་ལགས་གསང་བའི་ཐོག་གློད་གྲོལ་བཏང་འདུག
2019.06.26
དེ་སྔ་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་ཆབ་སྲིད་བཙོན་པ་ངག་དབང་རྒྱལ་མཚན་ལགས་མི་ལོ་གསུམ་གྱི་རྗེས་གསང་བའི་ངང་གློད་གྲོལ་བཏང་འདུག
བོད་ནག་ཆུ་ས་ཁུལ་དུ་ཡོད་པའི་ཤག་རོང་པོ་དགོན་གྱི་དགེ་འདུན་པ་ཆབ་སྲིད་བཙོན་པ་ངག་དབང་རྒྱལ་མཚན་ལགས་ད་བར་ལྷ་སའི་ཉེ་ཁུལ་གྲྭ་བཞི་བཙོན་ཁང་ནང་ལོ་གསུམ་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱི་ཟླ་ ༣ ཚེས་ ༧ ཉིན་གསང་བའི་ངང་གློད་བཀྲོལ་བཏང་ཡོད་པ་དབྱིན་ཡུལ་གྱི་བོད་རང་དབང་ཚོགས་པས་གནས་ཚུལ་ར་སྤྲོད་འཕེར་བ་ཞིག་ཤེས་རྟོག་བྱུང་བ་སྤེལ་ཡོད་ཅིང་། ཁོང་ལ་དེ་སྔ་༢༠༡༠་ཟླ་༥་ཚེས་ ༢༠ ཉིན་རྒྱ་ནག་གཞུང་གི་དཔོན་རིགས་དང་མཉམ་རོང་པོ་དགོན་དུ་རྒྱལ་གཅེས་སློབ་གསོ་ཟེར་བའི་མིང་བྱང་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཅུག་གི་ཡོད་པ་བཅས་ཀྱི་གནས་སྟངས་དེ་འདྲའི་སྐབས་སུ་ལབ་གླེང་ཐེངས་འགའ་ཤས་བྱུང་བའི་གནས་ཚུལ་དེ་ལ་ཉེས་འཛུགས་བྱས་པར་དྭོགས་པ་བྱེད་ཀྱི་ཡོད། ངག་དབང་རྒྱལ་མཚན་ལགས་རྒྱུན་རིང་ལྟ་རྟོག་ཞིབ་བཤེར་འོག་བཞག་རྗེས། ༢༠༡༥་ཟླ་ ༢་ཚེས་ ༢༤ ་ཉིན་ནག་ཆུ་རྫོང་ནས་འཛིན་བཟུང་གིས་གར་འཁྲིད་གནས་ཚུལ་ཙམ་ཤེས་རྟོག་མེད་པར་ལྷག་ཡོད་ཅིང་། དུས་ཡུན་རིང་པོའི་རྗེས་ཁོང་གྲྭ་བཞི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད། ཁོང་རང་བཙོན་དུས་རིང་ཁོང་གི་ཕ་ཚེ་རིང་མི་འགྱུར་ལགས་འདས་གྲོངས་གྱུར་ཡོད་པ་རེད།
ངག་དབང་རྒྱལ་མཚན་ལགས་ནི་ནག་ཆུ་རྫོང་རྟར་ཆེན་ཡུལ་ཚོའི་གོང་གསུམ་ཟེར་བའི་གྲོང་པ་ཞིག་ནང་༡༩༧༥ ལོར་སྐྱེས་ཡོད་པ་དང་། ཆུང་དུས་ནས་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཆོས་ཞུགས་གནང་བ་ཞིག་རེད་འདུག