རྒྱ་ནག་གི་ཁྱབ་བསྒྲགས་ཙམ་ལས་བོད་ནང་གི་བོད་མིར་ཕན་ཐོགས་ཡོང་གི་མེད།
2019.01.07
རྒྱ་ནག་གིས་སྟོད་མངའ་རིས་ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞིའི་འོག་རྒྱ་སྒོར་ཐེར་འབུམ་གཅིག་ཙམ་ཡོང་སྒོ་བྱུང་ཟེར་བ་ནི་ཁྱབ་བསྒྲཊ་ཙམ་ལས་བོད་ནང་གི་བོད་མི་ཚོར་དངོས་ཡོད་ཕན་ཐོགས་ཡོང་གི་མེད་པ་རེད་འདུག
དེ་ཡང་བོད་ཀྱི་སྟོད་མངའ་རིས་ས་ཁུལ་དུ་སྤྱི་ལོ་༢༠༡༨་ལོའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞིའི་འོག་ཡོང་འབབ་རྒྱ་སྒོར་ཐེར་འབུམ་གཅིག་ཙམ་མམ་ཨ་སྒོར་ས་ཡ་༡༥༢་བྱུང་ཡོད་པའི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤྱི་ཚེས་༧་ཉིན་གནས་ཚུལ་སྤེལ་ཡོད་པ་རེད། དེའི་ཐད་འདི་གའི་གསར་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་རྒྱ་ནག་རྨང་གཞིའི་འཛུགས་སྐྲུན་སྐོར་ལ་ཉམས་ཞིབ་གནང་མཁན་རིག་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས་སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་ཁག་མང་པོའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞིའི་འོག་ཡོང་འབབ་འདྲ་མིན་ཐོབ་པའི་གྲངས་ཀ་མཐོན་པོ་བཏོན་སྲོལ་ཡོད་པ་དང་། དེ་ནི་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་བརྟན་ལྷིང་ཡོད་པའི་དྲིལ་བསྒྲགས་དང་། གཉིས་ནི་ས་གནས་ལས་བྱེད་ཚོས་ས་གནས་སུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་བརྩམས་པ་ཡིན་ན། དེ་བཞིན་དུ་གོ་གནས་འཕར་ཐུབ་པའི་དགོས་མཁོ་བཅས་ལ་བསྟུན་ནས་ཡིན་པ་ལས་བོད་ནང་གི་ས་གནས་བོད་མི་མང་ཆེ་ཤོས་ལ་དངོས་ཡོད་ཕན་ཐོགས་ཡོང་གི་མེད་ཅེས་བརྗོད་ཡོད།
གོང་ཞུས་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་ནང་། ༢༠༡༨་ལོའི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དེའི་ནང་མངའ་རིས་ས་གནས་ཀྱི་ཞིང་པ་དང་འབྲོག་པ་ཚོར་ཐད་ཀར་དང་ཐད་ཀར་མིན་པ་བརྒྱུད་ལམ་ཐོག་ནས་རྒྱ་སྒོར་ས་ཡ་༡༡༣་བཟོ་ཡོད་ཚུལ་བརྗོད་འདུག་པ་དང་། མ་ཟད་རྒྱ་ནག་ཚོང་ལས་དཔོན་རིགས་(Zhou Shu)གིས་མངའ་རིས་ས་ཁུལ་ནང་གི་ལས་གཞི་དེས་རིམ་བཞིན་ཞིན་ཅིང་(Kashgar) དང་། མཚོ་སྔོན་ཡུལ་ཤུལ། དེ་བཞིན་བོད་ལྗོངས་ནག་ཆུ་བཅས་སུ་དར་སྤེལ་གཏོང་ཆེད་མཉམ་ལས་བྱེད་བཞིན་ཡོད་ཅེས་བརྗོད་པ་བཀོད་འདུག ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས། དེ་སྔོན་ཡུན་ནན་བདེ་ཆེན་རྫོང་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་ཞིག་གི་སྐོར་དམིགས་བསལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་སུ་ས་གནས་བོད་མི་ཚོ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞིའི་འོག་ཏུ་ཕྱིན་རྗེས་སྔོན་ཡོད་འཚོ་རྟེན་ལ་འགྱུར་བ་ཐེབས་ཏེ་ཡོང་འབབ་ཆུང་དུ་ཕྱིན་པ་ལས་ཆེ་རུ་ཕྱིན་མི་འདུག་ལ། དེ་བཞིན་བོད་མི་ཚོའི་སྐད་དང་རིག་གཞུང་ལ་དོ་ཕོག་ཐེབས་འདུག་ཅེས་ངོ་སྤྲོད་གནང་ཡོད།
ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཁྲོད་དབུལ་ཕོངས་ཀྱི་དཀའ་སྡུག་སེལ་ཡོད་པའི་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོང་ཀྱང་དོན་དངོས་སུ་ས་གནས་ཀྱི་ལས་བྱེད་དང་། རྒྱབ་རྩ་ཡོད་མཁན་བོད་མི་ཉུང་ངུ་ཞིག་ལ་ཁེ་ཕན་ཡོང་འབབ་ཐོབ་པ་ལས་བོད་མི་ཕལ་མོ་ཆེ་ད་དུང་འཚོ་བ་སྐྱོ་པོ་ཡིན་ཞིང་། ལྷག་པར་གྲོང་གསེབ་ནས་འབྲོག་དང་ཞིང་ལས་ལ་བརྟེན་པའི་བོད་མི་ཕལ་མོ་ཆེ་རྒྱ་གཞུང་གི་གནས་སྤོ་སྲིད་བྱུས་འོག་གྲོང་ཁྱེར་དུ་གནས་སྤོ་ཟིན་རྗེས་འཚོ་རྟེན་གསར་པ་རག་ཐབས་བྲལ་སྟེ་མང་པོ་ཞིག་རྒྱ་གྲོང་ནང་སྒོར་མོ་སློང་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་རེད། ལྷག་པར་དེང་སང་སྤྱི་ཚོགས་དྲ་བའི་འཕེལ་རྒྱས་འགྲོ་བཞིན་པའི་གནས་སྟངས་འོག་བོད་མི་མི་ཉུང་བ་ཞིག་གིས་ཕྲུ་གུའི་སློབ་ཡོན་དང་། སྨན་བཅོས་ཀྱི་འགྲོ་སོང་། འཚོ་བའི་མཐུན་རྐྱེན་ལ་རོགས་རམ་གནང་རོགས་ཞུ་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།