བོད་རྔ་པ་ཁུལ་དུ་རྒྱ་ནག་གཞུང་གིས་སྔར་བས་དམ་བསྒྲགས།
2011.04.21
༄༅༎བོད་མདོ་སྨད་རྔ་པ་ཁུལ་དུ་བོད་མི་སེར་སྐྱ་མང་ཚོགས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་གྱི་སྲིད་ཇུས་བསྟུད་མར་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎
ཉེ་སྔོན་ཕྱི་ཟླ་༣པའི་ཚེས་༡༦ཉིན་ དགུང་གྲངས་༡༩སོན་པའི་རྔ་པ་ཀིརྟི་དགོན་པའི་དགེ་འགུན་པ་ཕུན་ཚོགས་ལགས་ཀྱིས་ རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་བ་ནས་བཟུང་ རྔ་པ་ཁུལ་གྱི་བོད་མི་རྒན་གཞོན་ཕོ་མོ་དབྱེ་མེད་དང་ལྷག་པར་དུ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ནས་ མངའ་ཁུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་སྤེལ་ཡོད་པ་རེད་ ས་གནས་རྒྱ་ནག་གཞུང་གིས་བོད་མིའི་ལས་འགུལ་འགོག་ཐབས་སུ་ རྔ་པ་ཀིརྟི་དགོན་པའི་གཡས་གཡོན་སུ་ར་བ་བསྐོར་སྟེ་ དགེ་འདུན་པ་རྣམས་ཕར་འགྲོ་ཚུ་འོང་བཀག་སྡོམ་བྱས་པ་མ་ཟད་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་ནང་གསལ་ལྟར་ན་ ཀིརྟི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་པའི་སློབ་གསོའི་ལས་འགུལ་ནང་དགེ་འདུན་པ་རྣམས་ བཙན་ཤེད་ཀྱིས་མཉམ་ཞུགས་བྱེད་དུ་བཅུགས་ཀྱི་ཡོད་པ་རེད་ རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་དེའི་ཁྲོད་ ས་གནས་ཀྱི་ཉེན་རྟོག་དང་སྤྱི་བདེ་མི་སྣས་བདུན་ཕྲག་འདིའི་ནང་ ཀིརྟི་དགོན་པའི་ནང་བཙན་ཤེད་ཀྱིས་བསྔོགས་བཤེར་བྱས་པ་དང་ དགེ་འདུན་པ་རྣམས་ལ་འདྲི་རྩད་ཚ་ནན་བཏང་བ་དང་ དེ་བཞིན་དགེ་འདུན་པ་མང་པོར་ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་གསལ་འདོན་གནང་བཞག རེས་གཟའ་མིག་མར་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཱཀ་ཀྲོ་ནར་ཡིས་ རྔ་པ་ཀིརྟི་དགོན་པའི་ནང་རྒྱ་ནག་གི་བདེ་འཇགས་མི་སྣས་ཐེ་ཇུས་བྱེད་པ་དེ་རྒྱལ་སྤྱིའི་ཆོས་དད་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང་ལས་དང་འགལ་ཟླ་ཡིན་པའི་སྐྱོན་བརྗོད་བྱས་ཀྱང་ རྒྱ་ནག་གཞུང་ཕྱོགས་ནས་ཀིརྟི་ཁུལ་གྱི་གནས་སྟངས་རྒྱུན་ལྡན་ལྟར་གནས་སྟངས་ལྷིང་འཇགས་ཡིན་ཚུལ་བརྗོད་དེ་ ཨ་རིའི་སྐྱོན་བརྗོད་ལ་སྣང་མེད་བཏང་ཡོད་པ་རེད་ ཡིན་ཡང་རྒྱ་ནག་གཞུང་གིས་དངོས་ཡོད་ཀྱི་གནས་ཚུལ་ལ་འཁྱོག་བཤད་ཇི་ཙམ་བྱེད་མིན་ལ་མ་ལྟོས་པར་རེས་གཟའ་མིག་ཉིན་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ནས་ རང་ལུས་མེར་བསྲེག་བཏང་བའི་བརྙན་པར་ཕྱིར་འདོན་བྱུང་བ་དང་ བརྙན་པར་དེའི་ནང་ཀིརྟི་ཁུལ་དུ་རྒྱ་མིའི་དམག་དཔུང་ཇི་ཙམ་འགྲེམས་འཇོག་བྱས་པའི་གནས་ལུགས་ནས་དངོས་ཡོད་བོད་རྔ་པ་ཁུལ་གྱི་གནས་སྟངས་ཐེར་འདོན་ཡིན་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མེའེ་རི་སྦེཐ་ལགས་ཀྱིས་གསལ་འདོན་གནང་བཞག་༎