རྒྱའི་སྲིད་འཛིན་གཞོན་པར་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ།
2010.06.18
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་ནིའུ་ཛི་ལེན་ཌི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ར་སེལ་ནོར་མེན་གྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ནིའུ་ཛི་ལེན་ཌི་གྲོས་ཚོགས་སུ་འཚམས་འདྲིར་འབྱོར་བའི་སྐབས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ངོ་རྒོལ་བྱས་པར་སྲུང་སྐྱོབ་མི་སྣས་ཁོང་གི་ཐོག་ལ་རྩུབ་སྤྱོད་ལག་བསྟར་བྱས་པར་སྐྱོན་བརྗོད་གནང་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཉིན་གསུམ་རིང་ནིའུ་ཛི་ལེན་ཌི་རྒྱལ་ཁབ་ཀྱི་འཚམས་འདྲི་བྱེད་བཞིན་པ་ལྟར་ཁོང་གིས་ཉིན་གཉིས་པར་ནིའུ་ཛི་ལེན་ཌི་གྲོས་ཚོགས་སུ་འཚམས་འདྲི་བྱེད་པར་འབྱོར་བའི་སྐབས་ནིའུ་ཛི་ལེན་ཌི་སྔོ་ལྗང་ཚོགས་པའི་ཟུང་འབྲེལ་འགོ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ནོར་མེན་མཆོག་གིས་ཞི་བའི་ཐོག་ནས་ངོ་རྒོལ་བྱས་པར་ཁོང་གི་ཐོག་ལ་དྲག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པའི་གནས་ཚུལ་བྱུང་ཡོད་པར་བརྟེན་ཁོང་གིས་དྲག་པོའི་བྱ་སྤྱོད་ལག་བསྟར་བྱེད་མཁན་ནི་ཤི་ཅིན་ཕིང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱ་མིའི་སྲུང་སྐྱོབ་མི་སྣ་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད། དེ་ཡང་དེ་རིང་ཤི་ཅིན་ཕིང་གྲོས་ཚོགས་ཀྱི་མདུན་དུ་འབྱོར་བའི་སྐབས་སྐུ་ཞབས་ནོར་མེན་གྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་ཞིག་བསྣམས་ཏེ་དམངས་གཙོ་དར་འཕེལ་གཏོང་དགོས་པའི་སྐད་འབོད་གནང་ཡོད་པ་རེད། སྐབས་དེར་ཤི་ཅིན་ཕིང་སྲུང་སྐྱོབ་བྱེད་མཁན་གྱི་ཁོངས་ནས་མི་ཞིག་གིས་སྐུ་ཞབས་ནོར་མེན་གྱི་མདུན་བཀག་པ་དང་ཁོང་གིས་ཕར་གདོང་ལེན་བྱེད་ཐབས་བྱེད་པའི་སྐབས་སྲུང་སྐྱོབ་མི་སྣ་བཅུ་གྲངས་ཤིག་ཡོང་སྟེ་ཁོང་མཐའ་སྐོར་བ་དང་ལག་པ་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པ་མ་ཟད་ས་སྟེང་དབྱུགས་པའི་རྩུབ་སྤྱོད་ལག་བསྟར་བྱེད་པའི་སྐབས་ཁོང་གིས་མུ་མཐུད་ནས་རྒྱ་ནག་ནང་དུ་སྨྲ་བརྗོད་རང་དབང་ཐོག་ལ་དམ་བསྒྲགས་བྱེད་ཀྱི་ཡོད་ཀྱང་ནིའུ་ཛི་ལེན་ཌི་རྒྱལ་ཁབ་དེའི་ནང་དུ་སྨྲ་བརྗོད་རང་དབང་རེད་ཅེས་སྐད་འབོད་གནང་ཡོད་པ་རེད། ཁོང་གིས་གནོད་རྐྱེན་དེ་བྱུང་བའི་རྗེས་གསར་འགོད་པར། ཤི་ཅིན་ཕིང་གི་མཉམ་དུ་རྒྱ་མིའི་སྲུང་སྐྱོབ་མི་སྣ་ང་ཚོའི་རྒྱལ་ཁབ་ནང་དུ་ཡོང་དུ་བཅུག་པ་དང་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་འཐུས་མིའི་ཐོག་ལ་དྲག་རྩུབ་ལག་བསྟར་བྱས་པ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཡིན་པ་ངོས་འཛིན་གནང་གི་ཡོད། ངས་ཉེན་རྟོག་པར་སྐྱོན་འཛུགས་བྱེད་དགོས་པའི་རྒྱུ་མཚན་ནི་ནིའུ་ཛི་ལེན་ཌི་མི་དམངས་རྣམས་ལ་འཇིགས་སྣང་དང་དྲག་རྩུབ་ཀྱི་ཉེན་ཁ་མེད་པའི་ཐོག་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཤེས་རྟོགས་ཐུབ་པ་བཟོ་རྒྱུའི་ཆེད་དུ་ཡིན་ཞེས་གསུང་ཡོད་པ་རེད།