ནིའུ་ཛི་ལན་ཌིར་རྒྱ་བོད་མཛའ་འབྲེལ་མཐུན་ཚོཌ་གསར་བཙུགས།
2011.02.10
༄༅༎ཁ་ས་ཚེས་༩ཉིན་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ ཕྱི་ཟླ་༢པའི་ཚེས་༦ཉིན་ནིའུ་ཛི་ལན་དྲི་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་རིགས་དང་བོད་རིགས་དང་བླངས་ཤེས་ཡོན་ཅན་སྐོར་ཞིག་ནས་ གྲོང་ཁྱེར་ཨོཀ་ལེན་དྲི་ནང་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཤིག་ གསར་འཛུགས་གནང་ཡོད་པ་རེད་།
རྒྱ་བོད་མཐུན་ཚོགས་གསར་འཛུགས་ཀྱི་མཛད་སྒོ་དེར་ ས་གནས་བོད་མི་དང་རྒྱ་རིགས། བོད་དོན་རྒྱབ་སྐྱོར་བ། ཨོཀ་ལན་དྲི་རྒྱ་ཡིག་གསར་ཤོག་གི་གསར་འགོད་པ་སོགས་ཁྱོན་མི་གྲངས་༣༠ལྷག་མཉམ་ཞུགས་གནང་ཡོད་པ་རེད་ མཛད་སྒོའི་ཐོག་ཨོ་སི་ཀྲོ་ལི་ཡའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲིའི་གསུང་བཤད་གནང་པའི་ནང་ རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་དགོངས་དོན་དང་མཚུངས་པ་མ་ཟད་ རྒྱ་མི་རིགས་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་དང་ ༧གོང་ས་མཆོག་གི་དགོངས་གཞི་བཅས་ལ་གོ་རྟོགས་འཕེལ་བའི་གལ་ཆེའི་ལས་དོན་ཞིག་ལའང་ངོས་འཛིན་བྱེད་ཆོག་ཅེས་གསལ་འདོན་གནང་བཞག་ གསར་དུ་བཙུགས་པའི་རྒྱ་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་དོན་གྲུབ་ལགས་ཀྱིས་ ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་དང་གཉིས་སྨན་དབུ་མའི་ལམ་གྱི་རྩ་དོན་གཞིར་བཟུང་ རྒྱ་བོད་མི་རིགས་གཉིས་དབར་ཕན་ཚུན་དོགས་པ་རྣམ་རྟོག་དང་། ཐེ་ཚོམ། ནོར་འཁྲུལ་གྱི་ལྟ་སྣང་སོགས་སེལ་ཐབས་བྱ་རྒྱུ་སོགས་མཐུན་ཚོགས་ཀྱི་དམིགས་ཡུལ་དང་ ཡང་ ཆབས་ཅིག་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་། གསུམ་བཅུའི་དུས་དྲན། དྲུག་བཞིའི་དུས་དྲན་བཅས་ དུས་ཆེན་དང་མཛད་སྒོ་ཁག་ལ་ རྒྱ་བོད་མི་རིགས་གཉིས་མཉམ་ཞུགས་གནང་པ་བརྒྱུད་ ཕན་ཚུན་ངོ་སྤྲོད་དང་ཡིད་ཆེས་འཕེལ་ཐབས་བྱུ་རྒྱུ་སོགས་ མཐུན་ཚོགས་ཀྱི་ལས་འཆར་ངོ་སྤྲོད་གནང་བཞག་ ཡང་ རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ ལོ་མང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཁྲེན་ལྦེ་ཅེན་ནས་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ བོད་རྒྱ་མི་རིགས་གཉིས་དབར་འཆམ་མཐུན་དང་ ཡིད་ཆེས་གོང་འཕེལ་གཏོང་ཆེད་ བོད་རྒྱ་མཛའ་འབྲེལ་ཚོགས་པ་ཞིག་དགོས་གལ་ཆེ་བའི་བཀའ་སློབ་དང་ ལམ་སྟོན་རིམ་པ་ཕེབས་དོན་ལྟར། ད་ཆ་ནིའུ་ཛི་ལན་ཌིར་ རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་དངོས་སུ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་ལ་ མ་འོངས་པ་མཐུན་ཚོགས་ངོས་ནས་ རྒྱ་མི་རིགས་ཚོས་ བོད་ཀྱི་དངོས་ཡོད་གནས་ཚུལ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་ གསལ་པོར་མཁྱེན་རྟོགས་ཡོང་སླད་ འབད་བརྩོན་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་བཞག་༎