༸གོང་ས་མཆོག་གིས་ནིའུ་ཛི་ལེནཌི་དང་ཧྥི་ཇིའི་གྲོས་ཚོཊ་འཐུས་མི་ཁག་ཅིག་དང་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་ ༡༠༧ ལ་མཇལ་ཁ་སྩལ་བ།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༡ ཉིན། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་ཞལ་གྲངས་བརྒྱ་དང་བདུན་ལ་ཐུགས་དགྱེས་ཚོར་ཆེན་པོའི་ལམ་ནས་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་མཆོག་གིས་“ངོས་རང་ལ་ཆ་བཞག་ན་ཟི་ལིང་ནས་ཡོང་བ་དང་། གཙོ་བོ་ཡོངས་འཛིན་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ནས་ལམ་རིམ་དེ་གྲས་ལ་དགའ་རབ་རྒྱུས་ཡོད་ཆགས་ཡོད་པ་དང་།ཉིན་རེ་བཞིན་ཞོགས་པ་ཡར་ལངས་མ་ཐག་ལམ་རིམ་ཆ་ཚང་ཞིག་སྒོམ་བཞིན་པས་མི་ཚེ་དོན་ལྡན་ཡོང་བཞིན་པ་དང་། ལམ་རིམ་གྱི་བསམ་བློ་ཅུང་ཟད་བཏང་ཡོང་དུས་རྐྱེན་ངན་གྲོགས་ལ་ཤར་པ་སྟེ། ཁོང་ཁྲོ་དང་ང་རྒྱལ་ལྟ་བུ་མེད་པར། ཁོང་ཁྲོ་སྐྱེ་སྐབས་ལྷག་པར་དུ་ཁོང་ཁྲོ་ཟ་ས་དེ་བརྩེ་བའི་ཡུལ་དང་སྙིང་རྗེ་སྒོམ་པར་ཧ་ཅང་ཡག་པོ་དང་། ཁོང་ཁྲོ་སློང་མཁན་ནི་བཟོད་པ་སྒོམ་པའི་རྟེན་ནམ་གྲོགས་ཆགས་ཡོད་པ་སྟེ། དཔེར་ན། རྒྱ་མིས་ཕར་ཕྱོགས་ནས་ང་ཚོ་བོད་པར་སྡུག་པོ་བཏང་ཡོང་དུས་ཁོང་ཁྲོ་ཟ་ན་ཞེ་སྡང་འཕར་བསྡད་པ་ཙམ་ལས་མེད་པས། རྒྱ་རིགས་ཆོས་གྲོགས་ཚོ་ལའང་སྙིང་རྗེ་སྒོམ་ནས་བཟོད་པའི་བློ་སྐྱེས་ཡོང་དུས་སོ་སོའི་སེམས་ལ་ཞི་བདེ་སླེབས་པ་དང་། གཞན་ལའང་སེམས་ཀྱི་ཞི་བདེ་སྒྲུབ་ཚུལ་བཤད་དེ་ཕན་ཐོགས་འབྱུང་གི་འདུག་ཅེས་བཀའ་གནང་འདུག

གཞན་ཡང་མགོན་པོ་༸གང་གིས་རིས་མེད་ཀྱི་ཆོས་ལུགས་ཚང་མར་གུས་ཞབས་གནང་གི་ཡོད་པ་དང་། ༸གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་པར་རྒྱ་གར་གཞུང་གིས་ཆེ་མཐོང་དང་ཡིད་ཆེས་ཧ་ཅང་ཡག་པོ་གནང་གི་ཡོད་ཅིང་། ང་ཚོ་རྒྱ་གར་ནང་བསྡད་ནས་རིས་སུ་མ་ཆད་པའི་ཆོས་སྡེ་དེ་དག་ཏུ་སློབ་སྦྱོང་བྱེད་ཐུབ་པ་དང་། སློབ་སྦྱོང་བྱས་པ་དེ་དག་ལག་ལེན་དུ་བཀལ་ནས་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་དང་ལམ་རིམ་ལ་སྦྱར་པ་ཡིན་ན། སྐྱེས་བུ་གསུམ་གྱི་ལམ་རིམ་ལ་དོ་སྣང་ཡག་པོ་དང་སོ་སོའི་རྒྱུད་ཐོག་ཏུ་སྦྱར་ན་མི་ལུས་ཐོབ་པར་དོན་གོ་ཆོད་པ་རེད་ཅེས་བཀའ་ནན་གནང་གི་འདུག
དེ་དང་ཆབས་ཅིག་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༣༥ འཁོར་བའི་མཛད་སྒོར་བཅར་ཏེ་བོད་དོན་རྒྱབ་སྐྱོར་གནང་མཁན། ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གསུམ་དང་ཧྥི་ཇི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གཅིག་བཅས་ལའང་༸གོང་ས་མཆོག་གིས་མཇལ་ཁ་སྩལ་ཡོད་པས། ནིའུ་ཛི་ལཎཌིའི་གྲོགས་ཚོགས་འཐུས་མི་སྐུ་ཞབས་ (Joseph Mooney) ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། མགོན་པོ་མཆོག་ནི་ཧ་ཅང་གིས་སྐྱེས་བུ་དམ་པ་དམིགས་བསལ་བ་ཞིག་འདུག་པས་ཚོར་བ་རྦད་དེ་མི་འདྲ་བ་ཁྱད་པར་ཅན་ཞིག་བྱུང་བ་དང་། ༧གོང་ས་མཆོག་གིས་ང་ཚོར་གཞི་རྩའི་ཆ་ནས་ཞི་བདེའི་སྐོར་གྱི་ལམ་སྟོན་ཕེབས་པ་ཁག་སེམས་ལ་ཉར་དགོས་པ་དང་གཞན་ལའང་སྤེལ་དགོས་པར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ནིའུ་ཛི་ལཎ་ཌིའི་གྲོགས་ཚོགས་འཐུས་མི་ལྕམ་ (Helen White) ལགས་ཀྱིས་ཀྱང་༧གོང་ས་མཆོག་ལ་མཇལ་ཏེ་དགའ་ཚོར་དཔག་མེད་དང་བཅས་འགྲེལ་བརྗོད་གནང་དོན་ལ། མགོན་པོ་མཆོག་ནས་གསུང་གི་གཅེས་ནོར་འཛམ་གླིང་འདི་ལ་ཕུལ་བའི་ལེགས་སྐྱེས་ཁྱད་པར་ཅན་ཞིག་ནི།བདག་མེད་པའི་བསམ་བློ་ཡིན་པ་དེ་བཀའ་སྩལ་བའི་སྐོར་གསལ་པོར་དྲན་པ་དང་། དེ་ནི་ནང་པའི་ཆོས་ཀྱི་སྙིང་པོ་ཆགས་ཡོད་པས། ང་ཚོར་འདིར་ཡོང་ནས་རིག་གཞུང་བརྗེ་རེས་དང་རྒྱུས་ལོན་ཧ་ཅང་ཡག་པོ་ཐུབ་པ་སོགས་གསལ་སྟོན་གནང་གི་འདུག་ཅིང་། ཧྥི་ཇི་རྒྱལ་ཁབ་ཀྱི་གྲོགས་ཚོགས་འཐུས་མི་སྐུ་ཞབས་ (Rinesh Sharma) ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། ༸གོང་ས་མཆོག་ལ་མཇལ་ཏེ་བྱིན་རླབས་ཧ་ཅང་ཆེན་པོ་ཐོབ་པའི་ཚོར་བ་བྱུང་བ་མ་ཟད། ང་རང་གི་མི་མང་དང་འབྲེལ་བའི་འཆར་སྣང་གི་ཐད། བོད་མིའི་རིག་གཞུང་གི་ལམ་ནས་ང་ཚོ་སོ་སོའི་མི་མང་དང་རིག་གཞུང་ལ་འབྲེལ་བ་མཐུད་སྟངས་དང་། ཕར་ཚུར་རྒྱུས་ལོན་གཏིང་ཟབ་ཀྱི་ཆེད་འབྱུང་འགྱུར་མི་རབས་རྗེས་མ་རྣམས་ཀྱི་སྐབས་སུའང་བརྗེ་རེས་འདི་རྒྱུན་མཐུད་ཡོང་དགོས་པ་གསལ་སྟོན་གནང་གི་འདུག

ནིའུ་ཛི་ལཎཌི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གསུམ་དང་ཧྥི་ཇི་གླིང་ཕྲན་གྱི་གྲོས་ཚོགས་འཐུས་མི་གཅིག་བཞུགས་སྒར་ཆེད་ཕེབས་གནང་བ་ཚོས། བོད་དོན་རྒྱབ་སྐྱོར་མཚོན་པའི་གསར་འགོད་གསལ་བསྒྲགས་ཤིག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་ཉིན་གནང་བ་དང་མཚུངས། གཙོ་ཆེ་ཤོས་བོད་དང་ཁོ་རང་ཚོའི་རྒྱལ་ཁབ་ཀྱི་དབར་རིག་གཞུང་བརྗེ་རེས་དང་རྒྱུས་ལོན་ཡག་པོ་ཡོད་པ་དེ་བཞིན། མ་འོངས་མཇུག་སྐྱོང་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་ངོས་འཛིན་གནང་གི་འདུག
གསར་འགོད་པ། བློ་བྷེ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།