བོད་ནང་གི་བོད་མིའི་མྱོང་ཚོར་དང་འབྲེལ་བའི་གློག་བརྙན།
2009.09.25
༄༅༎བོད་ནས་བཙན་བྱོལ་དུ་འབྱོར་བའི་བོད་མི་ཞིག་གིས་འདས་པའི་མི་ལོ་ལྔ་བཅུའི་ནང་།རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་།བོད་མི་རིགས་དང་དེའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ཇི་ལྟར་ལག་བསྟར་བྱས་ཡོད་པའི་སྐོར།དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་བྱས་ཡོད་པའི་སྐོར།དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
བོད་ནང་གི་གནས་སྟངས་སྐོར་གྱི་དངོས་བྱུང་གློག་བརྙན་དེ་བཟོ་སྐྲུན་གནང་མཁན་སྐུ་ཞབས་རིན་ཆེན་བཟང་པོ་ལགས་ནི།བོད་ཀྱི་གོ་ལོག་སྟོང་རྒྱབ་དགོན་ནས་ཡིན་པ་དང་།ཁོང་གིས་བཟོ་སྐྲུན་གནང་བཞིན་པའི་གློག་བརྙན་དེའི་ནང་དུ་ཁོང་དེ་སྔོན་བོད་ནང་དུ་བཞུགས་པའི་སྐབས་མགོ་ལོག་ནང་གི་རྨ་ཆེན་དང་དགའ་བདེ་རྫོང་གཉིས་ནང་གི་བོད་མི་མང་པོ་ཞིག་ལ།ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅུ་པའི་དུས་ཡུན་ཧྲིལ་པོ་དེའི་རིང་ལ།འདས་པའི་མི་ལོ་ལྔ་བཅུ་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་པའི་གནས་སྟངས་སྐོར་བཀའ་འདྲི་ཞུས་ཡོད་ཅིང།ཁོང་གིས་བོད་མི་དེ་དག་ལ་བརྗོད་གཞི་དོན་ཚན་གསུམ་ཐོག་ལ་འདྲི་བ་བྱས་ཡོད་པ་ནི།དེ་སྔ་སྤྱི་ཚོགས་རྙིང་པའི་ལམ་ལུགས་གང་འདྲ་ཞིག་ཡོད་མེད།གཉིས་པ།ད་ལྟའི་རྒྱ་ནག་དམར་པོའི་གཞུང་དེའི་འོག་ལ་དཀའ་སྡུག་ཇི་ལྟར་མྱོང་གི་ཡོད་མེད།གསུམ་པ་དེ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་ལོར་དངོས་ཡོད་ཀྱི་གནས་སྟངས་ག་རེ་བྱུང་ཡོད་མེད་སྐོར་འདྲི་བ་བྱས་ཡོད་པ་རེད།
གློག་བརྙན་དེའི་ནང་དུ་བཀའ་འདྲི་དང་ལེན་བྱེད་མཁན་བོད་མི་དེ་དག་གིས།དེ་སྔ་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་ལ་རང་དབང་ཆ་ཚང་ཡོད་པ་དང་།དེ་རྗེས་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པའི་རྗེས་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད།རྒྱ་ནག་གཞུང་གིས་བོད་ལ་འཛུགས་སྐྲུན་དང་།དཔལ་འབྱོར་ཡར་རྒྱས་བཏང་ཡོད་ལུགས་ཁ་ལ་འཁྱེར་ཏེ་དོན་དངོས་ཐོག་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་།ཆོས་ལུགས་དེ་བཞིན་སྐད་ཡིག་རང་འབྱུང་ཐོན་ཁུངས་སོགས་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པའི་གནས་ལུགས་དང།ཡང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་།བོད་མི་སྟོང་ཕྲག་མང་པོར་ཉེས་རྡུང་དང་མནར་གཅོད་མི་བཟོད་པ་དང།མུ་གེ་ཐེབས་པ།རང་ཤི་རྒྱབ་པ་སོགས་བྱུང་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། ཡིན་ནའང་སྐབས་དེར་རྒྱ་ནག་གཞུང་གིས་སྐུ་ཞབས་རིན་ཆེན་བཟང་པོ་ལགས་ཀྱིས་གློག་བརྙན་བཟོ་སྐྲུན་བྱེད་པའི་གནས་ཚུལ་ཤེས་རྟོག་བྱུང་སྟེ།ཁོང་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས་བྱས་པར་བརྟེན་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་།རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་ཁོང་གི་དངོས་བྱུང་གློག་བརྙན་དེ་ཆ་ཚང་བ་མཇུག་སྐྱོང་ཐུབ་པ་བྱུང་མེད་པ་རེད༎