འཇར་མན་ནང་༧གོང་ས་མཆོག་གི་སྐུ་པར་ཅན་གྱི་སྦྲཊ་ཐམ་གསར་བ།
2014.07.03
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེའི་མཛད་ཁུར་ལ་རྒྱབ་སྐྱོར་མཚོན་ཆེད་འཇར་མན་ནང་སྦྲགས་ཐམ་གསར་པ་པར་བསྐྲུན་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཡོ་རོབ་རྒྱལ་ཁབ་འཇར་མན་ལྷོ་ཤར་མངའ་སྡེ་Bavaria ནང་རྟེན་གཞི་བྱས་པའི་New Press Postཞེས་པའི་སྦྲགས་ཁང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བཀོད་པའི་ཡོ་སྒོར་གཅིག་ཅན་གྱི་སྦྲགས་ཐམ་ཞིག་གསར་དུ་པར་བསྐྲུན་ཚོང་འགྲེམས་བྱེད་འགོ་བཙུཊ་ཡོད་པ་དང་། དེའི་ཡོང་འབབ་ཀྱི་བརྒྱ་ཆ་༤༣་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་འབུལ་རྒྱུ་ཡིན་སྐོར་ཡོངས་བསྒྲགས་བྱས་འདུག གོང་ཞུས་སྦྲགས་ཁང་གིས་གནས་ཚུལ་སྤེལ་བའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་མ་ཟད། གང་ཉིད་ཀྱིས་འཛམ་བུ་གླིང་དུ་ཞི་བདེ་གོང་སྤེལ་གཏོང་ཐབས་ཀྱི་མཛད་འཕྲིན་ལ་བརྟེན་ནས་འཛམ་གླིང་གི་མི་མང་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་ཡོད། དེ་བས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེའི་མཛད་ཁུར་ལ་རྒྱབ་སྐྱོར་མཚོན་དོན་དུ་འདི་ག་སྦྲགས་ཁང་གི་དཔར་བསྐྲུན་སྡེ་ཚན་གྱིས་སྦྲགས་ཐམ་འདི་གསར་བསྐྲུན་བྱས་པ་ཡིན་ཞེས་ཡོངས་བསྒྲགས་བྱས་ཡོད་པ་མ་ཟད། ད་དུང་གནས་ཚུལ་ནང་མུ་མཐུད་བཀོད་དོན། ལས་གཞི་དེ་ནི་ Bavaria མངའ་ཁུལ་གྱི་མི་མང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཛམ་གླིང་ཞི་བདེའི་མཛད་ཁུར་ལ་མཉམ་ཞུགས་ཐུབ་པའི་གོ་སྐབས་བསྐྲུན་ཐབས་ཤིག་ཡིན་སྟབས། སྦྲགས་ཁང་དེའི་མ་ལག་ལས་ཁུངས་བརྒྱུད་ནས་ཕན་ཚུན་ཡིག་འབྲེལ་བྱེད་སྐབས་སྦྲགས་ཐམ་དེ་བེད་སྤྱོད་བྱ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག གསར་བསྐྲུན་བྱས་པའི་སྦྲག་དམ་དེ་༢༠༡༤ལོའི་ ཟླ་ ༧ ཚེས་ ༡ ཉིན་ནས་སྦྲགས་ཁང་དེས་ཚོང་འགྲེམ་བྱེད་འགོ་བཙུགས་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་མཚོ།