ནིའུ་མེཀ་སི་ཀོའི་སྲིད་སྐྱོང་བས་༸གོང་ས་མཆོག་མཇལ་ཡོད་པ།
2009.10.10
༄༅༎ཁ་སང་གཟའ་པ་སངས་ཉིན་ཨ་མི་རི་ཀའི་ནུབ་ཕྱོགས་ཀྱི་མངའ་སྡེ་ནིའུ་མེཀ་སི་ཀོའི་སྲིད་སྐྱོང་སྐུ་ཞབས་སྦིལ་རི་ཆརཌ་སེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་བོད་ཀྱི་གནད་དོན་དང་རྒྱ་ནག་གི་འབྲེལ་ལམ་གྱི་གནད་དོན་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་པ་རེད།
མཇལ་འཕྲད་གྲུབ་རྗེས་གསར་འགོད་པ་ཚོར་ནིའུ་མེཀ་སི་ཀོའི་སྲིད་སྐྱོང་སྐུ་ཞབས་རི་ཆརཌ་སེན་གྱིས་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་རྗེས་བོད་མི་ཚོའི་སྙིང་སྟོབས་ཧ་ཅང་ཆེན་པོ་ཡོད་པ་ངོས་འཛིན་ཐུབ་སོང་བ་མ་ཟད་ཨ་མི་རི་ཀ་དང་འཛམ་གླིང་ཡུལ་གྲུ་ཚོས་བོད་རྒྱའི་དབར་གཉིས་མོས་ཀྱི་ཞི་འགྲིག་འབྱུང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱབ་རྒྱུ་དང་དེ་བཞིན་རྒྱ་མིའི་མི་དམངས་ཀྱིས་རྒྱ་ནག་འདི་བཞིན་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུར་རྒྱ་ནག་ནང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་ཚད་ལྡན་ཡོང་ཐབས་དང་གནས་ཚུལ་གྱི་རང་དབང་འབྱུང་ཐབས་སོགས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ་བརྒྱུད་བོད་མི་ཚོར་རོགས་བྱེད་ཐུབ་ཀྱི་རེད་ཅེས་གསུངས་པ་དང་ཡང་ཁོང་གིས་མུ་མཐུད་བོད་མི་ཚོས་ཚད་ལྡན་རང་སྐྱོང་རྩོད་ལེན་བྱེད་བཞིན་པ་ལས་རང་བཙན་རྩོད་ཀྱི་མེད་པ་དེ་ཕྱོགས་གཉིས་ཀའི་ངོས་ནས་གསལ་རྟོགས་ཡོད་པར་བརྟེན་བོད་མི་ཚོར་དངོས་ཡོད་ཀྱི་རང་སྐྱོང་འབྱུང་རྒྱུ་དང་དེ་དང་ཆབས་ཅིག་རྒྱ་ནག་གི་གོང་བུའི་རྣམ་པ་མུ་མཐུད་གནས་ཐབས་སུ་མདུན་བསྐྱོད་བྱ་རྒྱུའི་ཐབས་ལམ་ཞིག་ཡོད་པ་རེད་ཅེས་གསུངས་འདུག
ཡང་གཟའ་པ་སངས་ཀྱི་སྔ་དྲོ་དེང་སྐབས་ཨ་མི་རི་ཀའི་ནང་ཕྱོགས་བསྐྱོད་བྱེད་བཞིན་པ་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བར་མིང་རྟགས་བཀོད་མཁན་གྱི་རྒྱ་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད༎