བོད་བཙན་བཟུང་བྱས་བ་མིན་པར་བཅིངས་གྲོལ་བཏང་བ་སྟོན་ཐབས།
2014.04.16
རྒྱ་ནག་གིས་བཟོས་པའི་བོད་ཀྱི་གློག་བརྙན་གསར་པ་ཞིག་ནང་བོད་དེ་རྒྱ་ནག་གིས་བཅིངས་བཀྲོལ་བཏང་བ་ལས་བཙན་འཛུལ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་གནད་དོན་ཞིག་མིན་པ་སྟོན་ཐབས་བྱེད་ཀྱི་ཡོད་འདུག
བོད་ཀྱི་མཁའ་ཁྱབ་ཞེས་རྒྱ་ནག་གིས་བཟོས་པའི་བོད་སྐོར་གྱི་གློག་བརྙན་ཞིག་སྤྱི་ཟླ་༤པའི་ཚེས་༡༣ཉིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཐོག་མར་བསྟན་ཡོད་པ་དང་། རིམ་བཞིན་Italyདང་། Canadaསོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་སྟོན་རྒྱུ་ཡིན་འདུག གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་གློག་བརྙན་དེ་ནི་ལྟད་མོ་བ་ཚོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་བ་མིན་པར་བཅིངས་གྲོལ་བཏང་བ་ཡིན་ཚུལ་སྟོན་ཐབས་བྱེད་པའི་གློག་བརྙན་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་པ་རེད།
བོད་ཀྱི་མཁའ་ཁྱབ་ཞེས་བ་འདས་པའི་ནང་རྒྱ་ནག་གིས་བཟོས་པའི་དྲིལ་བསྒྲགས་ཀྱི་གློག་བརྙན་གཞན་དང་མི་འདྲ་བར་། གློག་བརྙན་དེའི་ནང་འཁྲབ་སྟོན་བྱེད་མཁན་ཚང་མ་བོད་པ་ཡིན་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
དུས་ཡུན་ཚོུད་གཉིས་ཙམ་ཡོད་པའི་གློག་བརྙན་དེའི་ནང་དོན་ནི་༡༩༥༠ནས་༡༩༨༠ལོའི་བར་བསྟན་འཛིན་ཟེར་བའི་སྐུ་དྲག་ཅིག་གི་བུ་དང་། ཕུར་བུ་ཟེར་བའི་བྲན་གཡོག་གཅིག་གི་ལོ་རྒྱུས་ལས་འཕྲོས་ནས་གཙོ་བོ་བོད་སྐད་ཐོག་བཟོས་ཡོད་པ་དང་། རྒྱ་ཡིག་ཏུ་ཕབ་བསྒྱུར་གཤམ་བཀོད་བྱས་ཡོད་པ་རིམ་བཞིན་དབྱིན་ཡིག་ཏུའང་ཕབ་བསྒྱུར་བྱེད་འཆར་ཡིན་འདུག གློག་བརྙན་དེའི་འཁྲབ་གཞུང་འབྲི་མཁན་གཙོ་བོ་ནི་Alaiཞེས་ཕ་རྒྱ་དང་མ་བོད་ཡིན་པའི་རྩོམ་པ་པོ་ཞིག་རེད་འདུག་ཅིང་། དེའི་ནང་འཁྲབ་མཁན་འགའ་ཤས་ཧྲང་ཧེ་སྒྱུ་རྩལ་ཚོགས་པ་ནས་ཐོན་པའི་བོད་མི་ཟློས་གར་འཁྲབ་སྟོན་མཁན་ཡང་ཡོད་འདུག གློག་བརྙན་བཟོ་བསྐྲུན་བྱེད་མཁན་རྒྱ་རིགས་Ren Zhonglunཟེར་བ་ཁོང་གིས་བོད་ནང་དུ་ཟླ་བ་༡༠ཙམ་དུས་ཚོད་བཏང་ནས་ལོ་ལྔ་ཙམ་གོང་ནས་བཟོས་པ་ཞིག་དང་འགྲོ་གྲོན་ཨ་སྒོར་ས་ཡ་༢དང་ཕྱེད་ཀ་ཙམ་བཏང་ལུགས་་བརྗོད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།