རྒྱ་ནག་གིས་ལོ་གསུམ་ནང་ཚུད་རྒྱ་གར་ལ་དྲག་རྒོལ་བྱེད་སྲིད་པ།

གུང་བྲན་ཏང་གཞུང་ལ་ཉེན་ཁ་ཡོད་པ་གཡོལ་ཐབས་ཆེད་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ཙམ་ལ་རྒྱ་གར་ལ་དྲག་རྒོལ་བྱེད་རྒྱུའི་སྔོན་དཔག་གནང་བ།

2009.07.13

༄༅༎རྒྱ་ནག་གིས་ལོ་གསུམ་ཙམ་ནང་ཚུད་རྒྱ་གར་ལ་དྲག་རྒོལ་བྱེད་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་སྲུང་སྐྱོབ་བསྐྱར་ཞིབ་ཞེས་པའི་དུས་དེབ་ཀྱིས་རྩོམ་བྲིས་པ་སྦ་རཐ་ལྦར་མ་ཡིས་ཆེད་རྩོམ་ཞིག་སྤེལ་བའི་ནང་རྒྱ་ནག་ནང་ད་བར་བྱུང་མ་མྱོང་བའི་ནང་འཁྲུག་གྱེན་ལངས་དང་ལས་མེད་ཀྱི་དཀའ་ངལ།དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་འོག་གུང་བྲན་ཏང་གི་གཞུང་འཛིན་ལ་ཧ་ཅང་ཉེན་ཁ་ཡོད་པ་གཡོལ་ཐབས་ཆེད་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ཙམ་ལ་རྒྱ་གར་ལ་དྲག་རྒོལ་བྱེད་རྒྱུའི་སྔོན་དཔག་གནང་ཡོད་འདུག

ཆེད་རྩོམ་ནང་སྐུ་ཞབས་ལྦར་མ་ཡིས་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཤུགས་རྐྱེན་འོག་རྒྱ་ནག་གི་ཕྱི་ཚོང་གི་སྒོ་མོ་རྒྱབ་ལྟ་བར་གྱུར་ནས་སྤྱི་ཚོགས་ནང་ད་བར་བྱུང་མ་མྱོང་བའི་དཀའ་རྙོག་འཕྲད་བཞིན་པ་མ་ཟད་གུང་བྲན་ཏང་གིས་སྤྱི་ཚོགས་ལ་སྟངས་འཛིན་གྱི་ནུས་པ་བརླག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་འཁོད་ཡོད་འདུག ཡང་ཆེད་རྩོམ་དེའི་ནང་སྐུ་ཞབས་ལྦར་མ་ཡིས་དཀའ་ངལ་གཞན་པའི་གྲས་སུ་རྒྱ་ནག་ནང་ལས་མེད་ཀྱི་དཀའ་ངལ་ཅི་ཆེའི་ཐོག་ཚོང་རའི་མ་རྩ་ཨ་རིའི་ཌོ་ལར་ཐེར་འབུམ་མང་པོ་ཤོར་བཞིན་པ་དང་ཕྱི་རྒྱལ་གྱི་དངུལ་འབོར་བཀག་འཇུག་བྱས་པ་ཉམས་པ་སོགས་ལ་བརྟེན་ནས་སྤྱི་ཚོགས་སྲིལ་བུར་ཐོར་རྒྱུའི་ཉེན་ཁ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཡང་ཁོང་གིས་ད་བར་རྒྱ་ནག་གི་ལག་པ་གཡས་པ་ལྟ་བུ་ཡིན་པ་པ་ཀི་སི་ཐན་གྱིས་རྒྱ་ནག་གི་ཚབ་བྱས་ཏེ་རྒྱ་གར་ལ་ཁ་གཏད་གཅོག་མུས་ཀྱང་ད་ཆ་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་འདུག དཔེར་ན་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་ཨཕ་ག་ནི་སི་ཐན་དང་པ་ཀི་སི་ཐན་གྱི་སྲིད་བྱུས་གཏན་འབེབས་བྱས་པ་དེ་དངོས་འབྲེལ་ཐོག་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་གྱི་སྲིད་བྱུས་ཡིན་པ་དང་དེ་ནི་རྐུ་མས་རྐུ་མ་འཇུ་བཟུང་གི་ཐབས་བྱུས་ཤིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག ད་ཆ་པ་ཀི་སི་ཐན་རང་ཉིད་ནང་འཁྲུག་གི་དཀའ་ངལ་ནང་ལྷུངས་ཏེ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཉམས་ཡོད་པ་མ་ཟད་རྒྱ་གར་གྱིས་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་དང་འབྲེལ་ལམ་རྒྱ་བསྐྱེད་བྱེད་བཞིན་པ་དེས་རིང་མིན་རྒྱ་ནག་ལས་ཡར་ཐོན་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡང་མཐོར་གི་ཡོད་ལུགས་སྐུ་ཚབ་ལྦར་མ་ཡིས་གསུངས་གནང་འདུག དེ་འདྲའི་དཀའ་ངལ་གདོང་ལེན་བྱེད་སྟངས་ཡག་ཤོས་ནི་ཞི་བདེར་དགའ་བའི་རྒྱ་གར་ལ་དྲག་རྒོལ་བྱེད་རྒྱུ་ཡིན་པ་རྒྱ་ནག་གི་དམར་པོའི་དབུ་ ཁྲིད་ཚོས་ངོས་ལེན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་གནང་འདུག

མཐར་སྐུ་ཞབས་ལྦར་མ་ཡིས་རྒྱ་ནག་གིས་རྒྱ་གར་བྱང་ཤར་གྱི་ས་ཁུལ་ནང་ཚུར་རྒོལ་བྱས་ཚེ་རྒྱ་གར་གྱི་དམག་གིས་མཐའ་མཚམས་ཀྱི་ས་མཚམས་སྲུང་སྐྱོབ་ཐུབ་པའི་ནུས་ཤུགས་ཨེ་ཡོད་ཅེས་དྭོགས་འདྲི་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎