བོད་ནས་བལ་ཡུལ་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་རྒྱུ་ཡིན་འདུག
2018.11.22
བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་རྒྱལ་ས་Kathmandu བར་མེ་འཁོར་རི་ལིའི་ལྕགས་ལམ་འདིང་རྒྱུའི་ལས་འཆར་ཡོད་ལུགས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་Pradeep Gyawali ཡིས་གསུངས་གནང་འདུག བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོིག་གིས་ཉི་འོང་གི་གསར་འགོད་པར་གསུངས་པར་གཞིགས་ན། བོད་ཀྱི་གྲོང་ཁྱེར་གཞིས་ཀ་རྩེ་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་བར་རྒྱང་ཐག་ཀི་ལོ་མི་ཌར་༦༦༠་ཐམ་པར་རི་ལིའི་ལྕགས་ལམ་འདིང་རྒྱུ་ཡིན་ཞིང་། དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བལ་ཡུལ་དང་། བོད་གཉིས་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་ལས་གཞི་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། མེ་འཁོར་གྱི་མཐུན་རྐྱེན་འགྲུབ་ཐུབ་ན། བོད་དང་རྒྱ་ནག་ནས་དངོས་ཟོག་བདལ་གླ་ཆུང་ངུའི་ཐོག་འོར་འདྲེན་བྱེད་ཐུབ་ཀྱི་ཡོད་ལུགས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་Pradeep Gyawali ཡིས་གསུངས་གནང་འདུག ཡང་ཁོང་གིས་མུ་མཐུད་གསུངས་པར། འབྱུང་འགྱུར་གྱི་ལོ་ངོ་གཅིག་དང་ཕྱེད་རིང་ལས་འཆར་གྱི་ཞིབ་ཕྲའི་འཆར་འགོད་ལེགས་གྲུབ་ཡོང་བ་བྱ་རྒྱུ་དང་། དེ་ནས་འཛུགས་སྐྲུན་བྱ་རྒྱུར་ལོ་ངོ་དྲུག་ཙམ་འགོར་ངེས་ཡིན་ལུགས་གསུངས་འདུག ད་ལྟའི་ཆར་བོད་ཀྱི་གྲོང་ཁྱེར་གཞིས་ཀ་རྩེ་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་བར་རྒྱང་ཐག་ཀི་ལོ་མི་ཌར་༦༦༠ཐམ་པར་རི་ལིའི་ལྕགས་ལམ་འདིང་རྒྱུར་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༢་དང་ཕྱེད་ཙམ་བྱེད་ཀྱི་ཡོད་པར་ཚོད་དཔག་གནང་ཡོད་ཀྱང་། དུས་འགོར་བྱུང་ཚེ་འགྲོ་གྲོན་འཕར་ཆ་ཡོང་སྲིད་པར་གསུངས་གནང་འདུག ཡང་འགྲོ་གྲོན་ཕོན་ཆེ་བ་རྒྱ་ནག་གི་རོགས་རམ་གནང་རྒྱུ་ཡིན་ཡང་། བལ་ཡུལ་གཞུང་གིས་འགྲོ་གྲོན་གང་འཚམས་གཏོང་དགོས་ཡོད་ལུགས་གསུངས་འདུག