རྒྱལ་སྤྱིའི་གནམ་ཐང་སྒོ་རྒྱབ་པར་འགྲུལ་བཞུད་པར་དཀའ་ངལ།


2015.03.06
འཕུར་ལམ་ནས་ཁ་ཤོར་བའི་Turkishགནམ་གྲུ། ༢༠༡༥།༣།༤ འཕུར་ལམ་ནས་ཁ་ཤོར་བའི་Turkishགནམ་གྲུ། ༢༠༡༥།༣།༤
AFP

བལ་ཡུལ་གྱི་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ཉིན་གཉིས་རིང་སྒོ་རྒྱབ་པར་འགྲུལ་པ་མི་གྲངས་སྟོང་ཕྲག་མང་པོར་དཀའ་ངལ་འཕྲད་འདུག
དེ་ཡང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་Tribhuvan རྒྱལ་སྤྱིའི་གནམ་ཐང་དེ་ད་བར་ཉིན་གཉིས་རིང་སྒོ་རྒྱབ་པའི་གནས་ཚུལ་བྱུང་བ་དེས་འགྲུལ་པ་མི་གྲངས་སྟོང་ཕྲག་མང་པོ་གནམ་ཐང་དུ་ཅི་བྱ་ལྟོས་མེད་དུ་ལུས་ཡོད་པ་དང་། དེ་ནི་རེས་གཟའ་ལྷག་པ་ཉིན་གནམ་ཐང་དུ་ཀྲར་ཀི་ཡུལ་ནས་ཡིན་པའི་Turkish Airlines A330རྟགས་ཅན་གྱི་གནམ་གྲུ་དེ་གནམ་གྲུ་འཕུར་སྐྱོད་བྱེད་ཡུལ་ས་ཐོག་ནས་ཁ་ཤོར་བའི་གནས་ཚུལ་ནས་བྱུང་བ་ཞིག་དང་། སྐབས་དེར་གནམ་གྲུའི་འགྲུལ་པ་དང་ལས་བྱེད་པ་མི་གྲངས་༢༢༤ སུར་ཡང་རྨས་སྐྱོན་གང་ཡང་བྱུང་མེད་པ་རེད།           ད་ལྟའི་ཆར་རྒྱ་གར་གྱི་གནམ་དམག་གི་མི་ཆ་དང་། འཕྲུལ་ཆས་གནམ་ཐང་དུ་འབྱོར་ནས་གོང་ཞུས་ཀྲར་ཀི་ཡུལ་གྱི་གནམ་གྲུ་དེ་གནམ་ཐང་ནས་ཕྱིར་བཏོན་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་འདུག དེར་བརྟེན་རྒྱལ་ས་ཀཐ་མན་གྲུའི་རྒྱལ་སྤྱིའི་གནམ་ཐང་དུ་བལ་ཡུལ་གྱི་ཕྱི་རྒྱལ་ཡུལ་ཁག་ལ་ལས་ཀར་བསྐྱོད་མཁན་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་རང་རང་སོ་སོ་བསྐྱོད་ཡུལ་གྱི་གནམ་གྲུ་ཁག་འཕུར་བསྐྱོད་བྱེད་ཀྱི་ཡོད་མིན་ངང་འགུག་བྱེད་བཞིན་ལུས་ཡོད་འདུག          
ཧྥེ་ལི་པིན་ནས་ཡིན་པ་བུད་མེད་Lita dela Cruzཞེས་པ་ཞིག་གིས། ཁོ་མོས་དབྱིན་ཡུལ་ལ་ལས་ཀ་བྱེད་ཀྱི་ཡོད་པ་དང་། སྦྱིན་བདག་གིས་ངོས་རང་དེ་རིང་དགོང་མོ་ལས་ཀར་འབྱོར་བའི་རེ་བ་བྱེད་ཀྱི་འདུག ཡིན་ནའང་ངོས་རང་དབྱིན་ཡུལ་དུ་ཇི་འདྲ་བྱས་ནས་སླེབས་ཀྱི་ཡོད་པ་ཤེས་ཀྱི་མིན་འདུག་ཅེས་གསུངས་འདུག
ཡང་བལ་ཡུལ་གྱི་མི་སེར་Rajman Lodh ཞེས་པས་ཁོ་པ་དཀྱིལ་ཤར་ཡུལ་གྲུ་Saudi Arabiaནང་ལས་ཀར་བསྐྱོད་རྒྱུའི་འཆར་གཞིར་ལས་ཀ་དེ་ཐོབ་ཆེད་དང་། ཕྱི་སྐྱོད་ལག་འཁྱེར་དང་གནམ་གྲུའི་ལག་འཁྱེར་ཆེད་བལ་ཡུལ་གྱི་དངུལ་སྒོར་ཆིག་འབུམ་ཙམ་ཞིག་གི་འགྲོ་གྲོན་བཏང་ཡང་ད་ཆ་ཁོ་པ་ལས་ཡུལ་དུ་དུས་ཐོག་འབྱོར་གྱི་མེད་པར་བརྟེན་ལས་ཀ་དེ་ཤོར་བའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
སྤྱིར་བལ་ཡུལ་རྒྱལ་ཡོངས་སུ་རྒྱལ་སྤྱིའི་གནམ་ཐང་གཅིག་ལས་མེད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎