ཨེ་ནེསི་ ཀེན་ཊར་ལགས་ཀྱིས་རྩེད་འགྲན་པ་ཚོ་པེ་ཅིང་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ།

རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་༡ཚེས་༢༡ཉིན་Tibet Talks ཞེས་བོད་དོན་དང་འབྲེལ་བའི་དྲྭ་རྒྱའི་ཐད་གཏོང་ལས་རིམ་ཞིག་གོ་སྒྲིག་གནང་བའི་ཐོག་ཚོགས་ལ་ཉེ་བའི་རྒྱ་ནག་ནང་གི་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་གྱི་བརྗོད་གཞི་དང་འབྲེལ་བའི་ལས་རིམ་ཐོག་Turkish མི་རིགས་ཡིན་པ་དང་ཨ་རིའི་ Boston Celtic རུ་ཁག་གི་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་Enes Kanter ལགས་མཉམ་ཞུགས་གནང་ཞིང་། ཁོང་གིས་ཨོ་རྩལ་རྩེད་འགྲན་པ་ཚོས་རྒྱ་ནག་པེ་ཅིང་ནང་འཚོགས་ལ་རན་པའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་བ་དང་སྦྲགས། རྩེད་འགྲན་པ་ཚོས་དངུལ་དངོས་ལས་བཟང་སྤྱོད་དེ་གལ་ཆེན་དུ་བརྩི་དགོས་པར་གསུངས་སོང་།
Enes Kanter Freedomལགས་ཀྱིས་སླར་ཡང་ཨོ་ལོམ་པིཀསི་རྩེད་འགྲན་གལ་ཆེན་པོ་འདི་འདྲ་ཞིག་རྒྱ་ནག་ནང་འཚོགས་རྒྱུའི་གོ་སྐབས་སྤྲད་ཀྱང་རྒྱ་ནག་གཞུང་གིས་ཨོ་ལོམ་པིཀསི་ཡི་རྩ་བའི་རིན་ཐང་གཙིགས་ཆེར་འཛིན་པ་རྣམས་ལ་བརྩི་སྲུང་བྱེད་ཀྱི་མེད་པ་ནི། བོད་ནང་གི་གནས་སྟངས་སྡུག་པོ་ཡོད་པ་ལས་གསལ་པོར་མཚོན་ཐུབ་ཀྱི་ཡོད་པ་ཡང་གསུངས་སོང་།
གཞི་རྩའི་སྐུ་ཞབས་ Kanter ལགས་སིལ་སྤོལ་རྩེད་མཁན་པ་དང་། ལས་འགུལ་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་ Turkey ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་དེ་གའི་སྲིད་འཛིན་ལ་འཛེམས་ཟོན་མེད་པར་སྐྱོན་བརྗོད་གནང་མཁན་ཞིག་ཀྱང་ཡིན་པ་རེད།
ཡང་ཐེངས་འདིའི་ལས་རིམ་ཐོག་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད་ད་ལྟའི་ཆར་ཡོ་རོབ་རྒྱལ་ཁབ་ ༡༤ ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་གནང་བཞིན་ཡོད་འདུག
དོན་གྲུབ་དབང་ཆེན་ལགས་ཀྱིས་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་བོད་ནང་གི་གནས་སྟངས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་ཞིག་མ་ཡིན་པར་རྒྱ་ནག་གཞུང་གི་མི་རིགས་རྩ་མེད་བཟོ་བཞིན་པའི་ཛ་དྲག་གི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་དང་། དོན་དངོས་སུ་བོད་མི་ཚོའི་རང་དབང་ཡོངས་སུ་འཕྲོག་སྟེ་འགྲོ་འདུག་སྤྱོད་གསུམ་ཐོག་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་རེད། དེ་བས་ཁོང་གིས་ཡོ་རོབ་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞིགས་པས་རྩེད་འགྲན་ཕྱིར་འཐེན་བྱེད་དགོས་ལུགས་ཞུ་སྐུལ་གནང་བཞིན་ཡོད་པ་གསུངས་སོང་།
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་དེ་ཕྱི་ཟླ་༢ཚེས་༤་ནས་འགོ་འཛུགས་ཀྱི་ཡོད་པ་དང་། ད་བར་ཕྱོགས་གང་ས་ནས་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞིགས་པས་རྩེད་འགྲན་ཕྱིར་འཐེན་བྱེད་དགོས་ལུགས་ཞུ་སྐུལ་དང་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་པ་རེད། དེ་བཞིན་ཨ་རི་དང་མང་གཙོའི་རྒྱལ་ཁབ་ཁག་ཅིག་ནས་པེ་ཅིན་གྱི་དགུན་དུས་ཨོ་རྩལ་ལ་གཞུང་འབྲེལ་སྐུ་ཚབ་མི་གཏོང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག