རྒྱ་གར་གཞུང་ནས་སྐུ་སྲུང་ཕེབས་བསུ་ཞུ་མཁན་ན་རེན་ཅནྡྲ་དཱས་འདས་གྲོངས་སུ་ཕྱིན་འདུག

2021.12.28
རྒྱ་གར་གཞུང་ནས་སྐུ་སྲུང་ཕེབས་བསུ་ཞུ་མཁན་ན་རེན་ཅནྡྲ་དཱས་འདས་གྲོངས་སུ་ཕྱིན་འདུག རྒྱ་གར་གཞུང་ནས་སྐུ་སྲུང་ཕེབས་བསུ་ཞུ་མཁན་ན་རེན་ཅནྡྲ་དཱས།
བོད་མིའི་སྒྲིག་འཛུགས།

༄༅།།སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་ལ་ཐོག་མར་ཞབས་སོར་འཁོད་གནང་མཛད་སྐབས་རྒྱ་གར་གཞུང་ནས་སྐུ་སྲུང་ཕེབས་བསུ་ཞུ་མཁན་གྲས་སུ་ཡིན་པ་ཨ་སམ་རཡི་ཕེལ་ཞེས་པའི་དམག་དཔུང་རུ་ཁག་གི་དམག་མི་ཟུར་པ་སྐུ་ཞབས་ན་རེན་ཅནྡྲ་དཱས་

Naren Chandra Das) དགུང་གྲངས་ ༨༢ ཐོག་འདས་གྲོངས་སུ་ཕྱིན་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་༣༡ ཉིན་རྒྱ་གར་གྱི་ས་མཚམས་སུ་བཙན་བྱོལ་ལ་ཐོག་མར་ཞབས་སོར་འཁོད་གནང་མཛད་སྐབས་རྒྱ་གར་གཞུང་ནས་སྐུའི་སྲུང་བྱ་དང་ཕེབས་བསུའི་ཆེད་དུ་ཨ་སམ་རཡི་ཕེལ་ཞེས་པའི་དམག་དཔུང་རུ་ཁག་གི་དམག་མི་ཁག་གཅིག་བཏང་ཡོད་པའི་ཁོངས་ནས་ད་བར་སྐུ་འཚོ་བཞུགས་ཡོད་པ་སྐུ་ཞབས་ན་རེན་དཱས་འདི་ཚེས་ ༢༨ ཉིན་འདས་གྲོངས་སུ་ཕྱིན་ཡོད་འདུག།  དེའི་སྐོར་སྐུ་ཞབས་ན་རིན་ཅནྡྲ་དཱསི་ལགས་ཀྱི་བུ་རྒན་པ་ར་ཇེནྡྲ་དཱས་སི་(Rajendra Das)ལགས་ནས་ཞེས་པར་བརྒྱུད་གསུངས་དོན།ང་ཚོའི་པ་ལགས་སྔ་དྲོ་ཆུ་ཚོད་ ༥།༤༥ ཙམ་ལ་འདས་གྲོངས་སུ་ཕྱིན་སོང་ཁོང་ལ་གློ་བུར་དུ་ཁྲག་ཤེད་ཀྱི་རྐྱེན་པས་ཀླད་པར་སྐྱོན་བྱུང་ཡོད་པ་སྨན་པས་གསུངས་ཀྱི་འདུག་དེའི་ཆེད་དུ་གཤག་བཅོས་བྱེད་དགོས་སྐོར་སྨན་པས་གསུངས་ཀྱི་འདུག་ཀྱང་ཁོང་དགུང་ལོ་མཐོན་པོ་ཡིན་སྟབས་ང་ཚོས་གཤག་བཅོས་བྱེད་རྒྱུར་འདོད་པ་བྱུང་མ་སོང་མཐར་ཁོང་དགུང་ལོའི་འབབ་ཀྱི་འདས་གྲོངས་སུ་ཕྱིན་སོང་ཞེས་གསུངས་ཀྱི་འདུག།
ཡང་ཁོང་ནས་མུ་མཐུད་གསུངས་ཡག་ལ་ཕྱོགས་གཅིག་ནས་ང་ཚོའི་པ་ལགས་འདས་གྲོངས་སུ་འགྱུར་བ་དེ་ཡིད་སྐྱོ་དགོས་བས་གནས་ཚུལ་ཞིག་རེད། ཡིན་ནའང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་བ་ཡིན་ན་ཁོང་དམག་མི་དཀྱུས་མ་ཞིག་ལ་༸གོ་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་འཛམ་གླིང་ནང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ནས་ཐུགས་རྩེ་བ་ཆེན་པོས་མཇལ་ཁ་གནང་ཡོད་པ་མ་ཟད་༸གོང་ས་མཆོག་གི་བཀའ་དྲིན་ལ་རྟེན་ནས་ད་རིང་འདས་པོ་ཁོང་གི་སྐུ་ཕུང་ལ་ཨ་སམ་རཡི་ཕེལ་གྱི་དམག་དཔུང་རུ་ཁག་ནས་ཆེ་མཐོང་གི་ཚུལ་དུ་རྒྱ་གར་གྱི་རྒྱལ་དར་གཡོག་ནས་གུས་ཞབས་ཆེན་པོའི་ངང་སྐུ་ཕུང་ཞུགས་འབུལ་གནང་སོང་ཞེས་གསུངས་ཀྱི་འདུག
སྐུ་ཞབས་ན་རེནྡྲ་དཱས་ལགས་ཕྱི་ལོ་༢༠༡༧ ཟླ་༤་ཚེས་ ༢ ཉིན་རྒྱ་གར་གོ་ཧ་ཏྲིས(Brahmaputra)དུས་སྟོན་ཐོག་མི་ལོ་ ༥༨ རྗེས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་ཡོད་པ་དང་དེ་ནས་ཕྱི་ལོ་ ༢༠༡༨ ཟླ་༣ ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོད་ར་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཁོང་ཆེད་མངགས་གདན་ཞུས་ཀྱི་ཁོང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་སྩལ་ཡོད་འདུག
འདས་པོ་ཁོང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སོ་ནིཊ་པུར་རྫོངས་ཁོངས་སྦ་ལི་པ་ར་ས་གནས་སུ་ཨུཊ་མ་རི་ཞེས་པའི་གྲོངས་སེབ་ནང་གནས་སྡོད་བྱེད་བཞིན་ཡོད་པ་དང་ཁོང་ལ་བུ་གསུམ་དང་བུ་མོ་གསུམ་ཡོད་པ་དང་ཚ་བོ་ཚ་མོ་བཅུ་ཡོད་འདུག། ཁོང་གི་བཟའ་ཟླ་ ༡༩༩༧ ལོར་སྐུ་གྲོངས་ཡོད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎