རྒྱ་ནག་གཞུང་གིས་ནག་ཆུ་ཤན་རྩ་རྫོང་དང་སོག་རྫོང་གི་དགོན་པ་ཁག་ཏུ་གྲྭ་ཤག་ནང་ཞིབ་བཤེར་དང་ཁ་བྲལ་བར་ངོ་རྒོལ་དགོས་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱེད་བཞིན་ཡོད་འདུག

2023.06.26
རྒྱ་ནག་གཞུང་གིས་ནག་ཆུ་ཤན་རྩ་རྫོང་དང་སོག་རྫོང་གི་དགོན་པ་ཁག་ཏུ་གྲྭ་ཤག་ནང་ཞིབ་བཤེར་དང་ཁ་བྲལ་བར་ངོ་རྒོལ་དགོས་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་སོག་རྫོང་གཤར་ཚ་དགོན་དུ་གྲྭ་བ་ཚོར་༧གོང་ས་མཆོག་ལ་ངོ་རྒོལ་གྱི་སྦྱར་བྱང་ལ་ས་ཡིག་བརྒྱབ་བཅུག་བཞིན་པ། ཟླ་ཚེས་མི་གསལ།
བོད་འབྱོར།

ཕྱི་ཟླ་༦ནང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་དགོན་པ་ཁག་དང་། སོག་རྫོང་གཤར་ཚ་དགོན་པ་སོགས་སུ་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། དགོན་པ་ཁག་གི་འདུ་ཁང་དང་གྲྭ་ཤག་སོགས་ལ་ཞིབ་བཤེར་དང་། ནག་ཆུ་སོག་རྫོང་གཤར་ཚ་དགོན་པའི་གྲྭ་བ་ཚོར་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་དགོས་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱས་ཡོད་པ། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བདེ་འཇགས་ཆེད་མིང་འབོད་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། དགོན་པ་ཁག་ཏུ་ཞིབ་བཤེར་བྱེད་སྐབས། གཙོ་བོ་མེ་སྐྱོན་ཁ་གཡར་ནས་གྲྭ་བ་ཚོའི་གྲྭ་ཤག་དང་དཔེ་ཆ་ལ་སྔོགས་བཤེར་དང་། དགོན་པའི་འདུ་ཁང་ཁག་དུ་འཐེན་ཡོད་པའི་དར་ལྕོགས་སོགས་གང་བྱུང་བཅད་ནས་གཙང་བཟོ་བྱས་ཡོད་པ་དང་། ནག་ཆུ་ཤན་རྩ་རྫོང་དུ་དགོན་སྡེ་ཁག་ལ་སྔོན་བརྡ་ཙམ་ཡང་མེད་པར་གང་བྱུང་གྲྭ་ཤག་ཏུ་འཛུལ་ནས་སྔོགས་བཤེར་དང་། གཞན་ཡང་སོག་རྫོང་གཤེར་ཚ་དགོན་པར་སྔོགས་བཤེར་དང་། དགོན་པ་དེ་གའི་གྲྭ་བ་ཚོར་ཚོགས་འདུ་ཚོགས་ཏེ་༧གོང་ས་མཆོག་དང་ཁ་བྲལ་བར་འབྲེལ་བ་མེད་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་ནས་དེ་འབྲེལ་པར་རིས་ཤིག་བསྐུར་བའི་ནང་། རྒྱ་ནག་གཞུང་གིས་སོག་རྫོང་གཤར་ཚ་དགོན་དུ་ཆེད་དམིགས་སྦྱར་བྱང་ཞིག་ཏུ་ངེད་དགོན་པའི་གྲྭ་མང་རྣམས་ཀྱིས་རིག་པ་དྭངས་གསལ་ཐོག་ཏཱ་ལའི་གདོང་རིས་ངོ་མ་མཐོང་ཐུབ་པ་བྱས་ཏེ། ཏཱ་ལའི་རུ་ཚོགས་ལ་དགག་རྒྱག་གི་བྱེད་སྒོའི་ནང་ཚ་ཚ་འུར་འུར་གྱིས་ཞུགས་རྒྱུ་དང་། གོང་གསལ་གྱི་དོན་ཚན་ཁག་ལ་མིང་རྟགས་ཁ་གསལ་འགོད་རྒྱུ་དང་། རང་གི་ཚེ་སྲོག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་གཅེས་སྤྲད་དགོས་སྐོར་བརྗོད་ནས། གྲྭ་མང་ལ་སྦྱང་བྱང་དེར་ས་ཡིག་བརྒྱབ་བཅུག་བཞིན་པ་སོགས་མཐོང་རྒྱུ་འདུག

རྒྱ་ནག་གཞུང་གིས་ཉེ་སྔོན་ཕྱི་ཟླ་༦་ཚེས་མགོར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས། ཕྱི་ལོ་༢༠༢༣ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བརྡ་ཁྱབ་དང་གོ་འཇོ་རྫོང་བོད་སྨན་ཁང་གཉིས་ཀྱི་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༢༢༣ལོའི་ཟླ་༧ནང་ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ། ལོ་ན་༢༠ཙམ་ཡིན་པའི་བོད་རིགས་བུ་མོ་གཡུ་སྒྲོན་ལགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎