མཁས་དབང་ནམ་མཁའི་ནོར་བུ་རིན་པོ་མཆོག་དགུང་ལོ་༨༠་ཐོག་སྐུ་གཤེགས་འདུག


2018.09.28
མཁས་དབང་ནམ་མཁའི་ནོར་བུ་རིན་པོ་མཆོག མཁས་དབང་ནམ་མཁའི་ནོར་བུ་རིན་པོ་མཆོག
Namkhai Norbu/FB

མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་དགུང་ལོ་༨༠་ཐོག་ཨི་ཊ་ལིར་ཡོད་པའི་ཁོང་གི་གདན་ས་མེ་རི་སྒར་དུ་སྐུ་གཤེགས་ཡོད་འདུག
དེ་ཡང་ཕྱི་ཟླ་༩ བའི་ཚེས ༢༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ ཡོལ་ཙམ་དུ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ། ཡོ་རོབ་ཡུལ་གྲུ་ཨི་ཊ་ལིའི་ནང་ཡོད་པའི་ཁོང་གི་གདན་ས་མེ་རི་སྒར་དུ་སྐུ་གཤེགས་ཤིང་། ཁོང་དགུང་གྲངས་ ༨༠ ཐམ་པ་ཡིན་འདུག
ཡོངས་གྲགས་སུ་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་ཞུ་བ་ཁོང་ནི། ཕྱི་ལོ་༡༩༣༨ ལོར་བོད་ཁམས་འཇོ་མདའ་རྫོང་དུ་སྐུ་འཁྲུངས་པ་དང་། སྐུ་ན་ཆུང་དུས་སྡེ་དགེ་དགོན་ཆེན་དུ་ཆོས་བཞུགས་སློབ་གཉེར་གནང་ནས། ཕྱི་ལོ་༡༩༥༤ ལོར་རྒྱ་ནག་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་ཡོད་པ་དང་། ཕྱི་ལོ་༡༩༥༧ ལོར་རྒྱ་གར་འབྲས་ལྗོངས་དུ་ཕེབས་ནས་དེ་གར་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ཕྱི་ལོ་༡༩༦༤ ལོར་ཨི་ཊ་ལིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་། རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཆེན་མོའི་འགན་བཞེས་ཡོད་ཅིང་། ཕྱི་ལོ་༡༩༨༡ ལོར་རྫོགས་པ་ཆེན་པོའི་‘རིག་གནས་མཐུན་ཚོགས་’ཞེས་པ་གསར་འཛུགས་གནང་ནས། ཕྱི་ལོ་༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་ཞང་ཞུང་དཔེ་སྐྲུན་ཁང་ཞེས་པ་ཞིག་གསར་ཏུ་བཙུགས་ཡོད་པ་རེད། ཕྱི་ལོ་༡༩༨༩ ལོར་ཞང་ཞུང་ཞིབ་འཇུག་ཁང་ཞེས་པ་ཞིག་ཀྱང་གསར་འཛུགས་གནང་ཏེ་། ཕྱི་ལོ་༡༩༩༦ ལོར་ཁོང་གི་ཆེད་རྩོམ་སྐད་གྲགས་ཆེ་ཤོས་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཞེས་པ་དེ་དཔར་བསྐྲུན་གནང་ཡོད་འདུག  ད་དུང་ཁོང་གི་བརྩམས་ཆོས་གྲས་སུ་<<བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ>>དང་། <<བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ>>། <<རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར>><<ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།>> སོགས་བརྩམས་ཆོས་ཧ་ཅང་མང་པོ་ཡོད་ལ་ ཕྱི་ལོ་༡༩༩༦ ལོར་པར་སྐྲུན་གནང་བའི་<<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>> ཞེས་པ་དེ་ད་ལྟའི་ཆར་འཛམ་གླིང་སྐད་ཡིག་མི་འདྲ་བ་བཅུ་ལྷག་གི་ནང་བསྒྱུར་ཟིན་ཡོད་འདུག དེ་བཞིན་ཆོས་རྒྱལ་ནམ་མཁའ་ནོར་བུའི་གསུང་འབུམ་ཕྱོགས་བསྒྲིགས་དེབ་ལྔ་བོད་ནང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད། མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ཨི་ཊ་ལིའི་སྲིད་འཛིན་གྱི་མཚན་ཐོག་ནས་(Commander Order of Merit of the Italian Republic)ཞེས་ཨི་ཊ་ལིའི་མི་སེར་ཞིག་ལ་རྒྱལ་ཁབ་ཀྱི་ཆེ་བསྟོད་ཀྱི་མཚན་གནས་མཐོ་ཤོས་ཀྱི་གཟེངས་རྟགས་འབུལ་ཡོད་པ་རེད།

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎