འབར་མའི་ནང་གནས་སྟངས་བཟང་དུ་འགྲོ་རྒྱུའི་རེ་བ།
2011.09.22
༄༅༎འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་མཆོག་གིས་ཡུལ་ནང་གནས་སྟངས་བཟང་དུ་འགྲོ་རྒྱུའི་རེ་བ་ཆེན་པོ་ཡོད་པ་དང་འགྱུར་བ་འདི་ཡང་གང་མགྱོགས་ཡོང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་སྐོར་གསུངས་ཡོད་པ་རེད་
འབར་མའི་དྲག་པོའི་གཞུང་གིས་མི་ལོ་༡༥ཙམ་བཟང་བཙོན་འོག་བཀག་སྡོམ་བྱས་པའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་མཆོག་གིས་ཁ་ས་བཀའ་མོལ་འདི་ ཝི་གྲོ་བརྙན་དཔར་གྱི་ཐོག་ནས་ ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཚུགས་བཞིན་པའི་ཨ་རིའི་སྲིད་འཛིན་ཟུར་པ་ ཁིན་ཀྲོན་གྱི་དགེ་རྩའི་ལྷན་ཚོགས་ལ་ གསུང་བཤད་ཅིག་ནང་གསུངས་ཡོད་པ་དང་ ཁོང་གིས་གསུང་བཤད་ནང་ ཁོང་ནས་ཐོག་མར་ཡུལ་ནང་དམངས་གཙོའི་ལས་འགུལ་གནང་བཞུགས་སྐབས་ རང་གི་མི་ཚེ་ཧྲིལ་པོ་ལས་འགུལ་འདིའི་ཆེད་སྐྱེལ་དགོས་ཀྱི་ཡོད་པའི་བསམ་བློ་དེ་འདྲ་གང་ཡང་འཁོར་མ་བྱུང་ཞེས་གསུངས་ཡོད་པ་རེད་
དམངས་གཙོའི་ངོ་བོར་འགྱུར་བ་གང་ཞིག་ལ་རྒྱབ་ནས་དྲག་པོའི་དམག་དཔུང་གི་ཆེས་མཐོའི་དཔོན་རིགས་ཚོས་ས་འོག་དར་ཐག་འཐེན་པས་འབར་མའི་གཞུང་གི་འགོ་ཁྲིད་ཚོས་ ཉེ་བའི་འཆར་ཅུང་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བཏོན་བཞིན་ཡོད་པ་དང་ ཟླ་བ་སྔོན་མ་དེ་སྔའི་སྦར་མའི་དྲག་པོའི་གཞུང་གི་སྲིད་བློན་ ཐེན་ཤེན་དང་ ད་ལྟའི་གཞུང་འཛིན་གྱི་ངལ་རྩོལ་བློན་ཆེན་ ཨང་སྐྱིད་གཉིས་སོ་སོས་ ལྕམ་ཨང་སང་སུ་ཅི་མཆོག་དང་མཇལ་འཛོམས་གྲོས་མོལ་ཞུས་ཡོད་པ་རེད་
ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨང་སང་སུ་ཅི་མཆོག་གིས་ཁ་སའི་གསུང་བཤད་ནང་ ཁོང་ནས་འབར་མའི་གཞུང་གི་སྐུ་ཚབ་ཁག་ཅིག་གི་མཉམ་གྲོས་མོལ་བྱ་རྒྱུའི་གོ་སྐབས་བྱུང་སྐོར་དང་ ཁོང་གི་རེ་བར་ཡུལ་ནང་དོན་དངོས་ཀྱི་འགྱུར་ལྡོག་གང་ཆེ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད་པ་དང་ འགྱུར་བའི་མཚོན་དོན་མང་པོ་ཞིག་གང་མགྱོགས་མཐོང་རྒྱུ་ཡོང་གི་རེད་ཅེས་ དོན་དམ་གནས་སྟངས་འགྱུར་བ་གང་རེ་ཡོང་གི་ཡོད་མེད་ངོ་སྤྲོད་མེད་པའི་ཐོག་ནས་འབར་མའི་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནས་སྟངས་ཁག་ཅིག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་རེ་བ་བྱེད་ཆོག་པའི་བཀའ་གནང་ཡོད་པ་རེད་