འབར་མའི་གཞུང་འབྲེལ་བརྒྱུད་ལམ་གྱིས་ལྕམ་སུའུ་ཆི་ལ་ཆེ་བསྟོད།

འབར་མའི་གཞུང་འབྲེལ་བརྒྱུད་ལམ་གལ་ཆེ་ཞིག་གིས་ད་བར་བྱུང་མྱོང་མེད་པ་ལྕམ་ཨང་སང་སུའུ་ཆི་མཆོག་ལ་ཆེ་བསྟོད་ཆེན་པོ་ཞུས་འདུག

2012.06.05

༄༅༎འབར་མའི་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་གལ་ཆེ་ཞིག་གིས་ད་བར་བྱུང་མྱོང་མེད་པ་ལྕམ་ཨང་སང་སུའུ་ཆི་མཆོག་ལ་ཆེ་བསྟོད་ཆེན་པོ་ཞུས་འདུག

དེ་ཡང་འབར་མའི་འོད་སྟོང་གསར་པ་ཞེས་པ་གཞུང་གི་མགྲིན་པ་མཚོན་པའི་བརྒྱུད་ལམ་དེའི་ཐོག་མ་འོངས་པའི་རྒྱལ་ཁབ་ཀྱི་གནས་བབ་ནི་སྲིད་འཛིན་ ཐིཡེན་སེན་དང་ ལྕམ་ཨང་སང་སུའུ་ཆི་རྣམ་གཉིས་མཉམ་ལས་གནང་རྒྱུར་མཐའ་གཅིག་ཏུ་རག་ལུས་པ་ཞིག་ཡིན་པ་དང༌། ཁོང་རྣམ་གཉིས་ནི་འབར་་མ་རྒྱལ་ཁབ་ཀྱི་རེ་བ་ཡིན་པ་བཀོད་ཡོད་པ་རེད།

གཞུང་འབྲེལ་བརྒྱུད་ལམ་གྱི་དཔྱད་གཏམ་དེའི་ནང༌། ང་ཚོའི་མི་དམངས་ཀྱི་མ་འོངས་པའི་གནས་བབ་དེ་ང་ཚོའི་དབུ་འཁྲིད་གཉིས་ཏེ་་སྲིད་འཛིན་དང༌། ལྕམ་ཨང་སང་སུའུ་ཆི་གཉིས་ལ་རག་ལུས་པ་དེ་ཧ་ཅང་གསལ་པོ་ཡིན་སྟབས་ ཁོང་རྣམ་གཉིས་དབར་མཉམ་འབྲེལ་དང་ ཕན་ཚུན་ཡིད་ཆེས་ གོ་རྟོགས་བཟང་པོ་ངེས་པར་དགོས་ཀྱི་རེད་ཅེས་བཀོད་ཡོད་འདུག་ལ། ཡང་དཔྱད་གཏམ་དེའི་ནང༌། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་སྟབས་ དེར་སུས་ཀྱང་རང་དོན་འབའ་ཞིག་དང་ང་རྒྱལ་གྱི་བསམ་པས་དོ་ཕོག་གཏོང་རྒྱུ་མེད་པའི་ཛ་དྲག་གི་འབོད་བསྐུལ་ཡང་བྱས་འདུག།

ལྕམ་ཨང་སང་སུ་ཅི་བཟང་བཙོན་ནས་གློང་གྲོལ་བཏང་པའི་རྗེས་ དུས་སྐབས་གང་ཙམ་རིང་འབར་མའི་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ལྕམ་ཨང་སང་སུ་ཅིའི་སྐོར་གྱི་གནས་ཚུལ་བཀོད་སྤེལ་བྱེད་ཕྱོགས་ཐད་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང༌། ད་ཆ་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཙམ་མ་ཟད་ གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་ཡང་ལྕམ་ཨང་སང་སུ་ཅིའི་སྐོར་གྱི་གནས་ཚུལ་བཀོད་སྤེལ་ཤུགས་ཆེ་བྱེད་བཞིན་ཡོད་ལ།་ འབར་མའི་སྲིད་འཛིན་ ཐིཡེན་སེན་གྱིས་ལྕམ་ཨང་སང་སུ་ཅི་མཆོག་ལ་གཟིགས་རྒྱ་ཆེ་བའི་མི་སྣ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་རེད།

ལྕམ་ཨང་སང་སུའུ་ཆི་མཆོག་ནི་འབར་མའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་དང༌། ཁོང་ཉེ་ཆར་ཐཡེ་ལེནཌ་དུ་འཚམས་གཟིགས་སུ་ཕེབས་སྟེ་གཟའ་ཉི་མའི་ཉིན་འབར་མར་ཕྱིར་ལོག་གནང་ཡོད་པ་རེད།

སྔོན་འཆར་ལྟར་ན་ སྲིད་འཛིན་ཐིཡེན་སེན་ཡང་ གཟའ་འཁོར་དེ་གའི་ནང་ཐཡེ་ལེནཌ་དུ་ཕེབས་རྒྱུ་ཡིན་འདུག་ན་ཡང༌། ཁོང་གི་མཛད་འཆར་ལ་འགྱུར་བ་བཏང་སྟེ་ཁོང་ཐཡེ་ལེནཌ་དུ་དུས་ཚོད་ངེས་མེད་བར་ཕྱིར་འགྱངས་གནང་ཞིང༌། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་དེ་ནི་སྲིད་འཛིན་དང་ ལྕམ་ཨང་སང་སུའུ་ཆིའི་དབར་མི་མཐུན་པ་ཡོད་པའི་མངོན་རྟགས་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎