འབར་མའི་གཞུང་གིས་ཆབ་སྲིད་བཙོན་པ་གློད་འགྲོལ།
2011.10.11
༄༅༎འབར་མའི་གཞུང་གིས། རེས་གཟའ་ལྷག་པའི་ཉིན་འབར་མའི་ཆབ་སྲིད་བཙོན་པ་མང་པོ་ཞིག་གློད་གྲོལ་གཏོང་རྒྱུ་ཡིན་པའི་སྔོན་དཔགས་གནང་གི་ཡོད་པ་རེད།
དེ་ཡང་འབར་མའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འབར་མའི་གཞུང་ལ་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་གྲོལ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་པའི་རྗེས། འབར་མའི་གཞུང་གིས་མི་ཆོས་རིང་ལུགས་ཀྱི་གནས་བབ་ཐོག་ནས་བཙོན་པ་སྟོང་ཕྲག་གློད་གྲོལ་གཏོང་རྒྱུའི་གསལ་བསྒྲགས་བྱས་པ་བཞིན། ཕལ་ཆེར་རེས་གཟའ་ལྷག་པའི་ཉིན་བཙོན་པ་མང་པོ་ཞིག་གློད་གྲོལ་གཏོང་སྲིད་པའི་ངོས་འཛིན་གནང་གི་ཡོད་པ་རེད། ཨ་མི་རི་ཀ་དང་ཡོ་རོབ་རྒྱལ་ཁབ་ཁག་དེ་བཞིན་ཨོ་སི་ཀྲོ་ལི་ཡ་གསུམ་གྱིས་འབར་མའི་ཆབ་སྲིད་བཙོན་པ་ཉིས་སྟོང་བརྒྱ་གློིད་གྲོལ་གཏོང་དགོས་པའི་གཙོ་བའི་ཆ་རྐྱེན་བཏོན་གནང་ཡོད་པ་དང༌། འབར་མའི་གཞུང་གི་བརྙན་འཕྲིན་ཐོག་ལ། ཆབ་སྲིད་བཙོན་པ་དྲུག་སྟོང་གསུམ་བརྒྱ་ལྔ་བཅུ་ལྔ་དགུ་ཡི་གྲངས་ཀ་ཁྱབ་བསྒྲགས་བྱས་ཏེ། དེ་དག་ནི་ལོ་ན་རྒས་པ་དང་ནད་གཅོང། བཙོན་འཇུག་གི་ཉེས་ཆད་འཁུར་མི་ཐུབ་པ་ལ་ཀུན་སྤྱོད་དང་གཤིས་རྒྱུད་བསྒྱུར་བཅོས་ཡག་པོ་ཕྱིན་པ་ཤ་སྟག་ཡིན་པ་དང། རེས་གཟའ་ལྷག་པའི་ཉིན་གློད་གྲོལ་གཏོང་རྒྱུའི་རྒྱང་བསྲིང་བྱས་ཡོད་པ་ལས་ཆབ་སྲིད་བཙོན་པ་སུ་དང་སུ་གློད་གྲོལ་གཏོང་གི་ཡོད་མེད་ཀྱི་ཞིབ་ཕྲ་རྒྱང་བསྲིང་བྱས་མེད་པ་རེད། རེས་གཟའ་པ་སངས་ཉིན་འབར་མའི་རྒྱལ་སར་ཚོགས་པའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་ཁྲིམས་རྩོད་པ་ཞིག་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ། ཆབ་སྲིད་བཙོན་པ་གློད་གྲོལ་གཏོང་རྒྱུ་དེ་ནི་ཉིན་ཤས་ནང་ཡོང་རྒྱུ་ཡིན་ལུགས་དང༌། གནས་ཚུལ་དེ་ནི་འབར་མའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་གཏམ་བཤད་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་རེས་གཟའ་མིག་དམར་ཉིན་འབར་མའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྦིན་མར་ཞུ་བ་གསལ་བསྒྲགས་སྤེལ་བ་དེའི་ནང༌། ཆབ་སྲིད་བཙོན་པ་གང་ཞིག་གིས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་སྤྱི་ཚོགས་ཞི་བདེ་ཉེན་ཁ་མེད་པ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།