ཨང་སན་སུ་ཅི་དང་འབར་མའི་བློན་ཆེན་དབར་མཇལ་འཛོམས།
2011.10.30
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་འབར་མའི་ངལ་རྩོལ་བློན་ཆེན་ཨང་ཀི་དང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ ཨང་སན་སུ་ཅི་རྣམ་གཉིས་གཞུང་གི་མགྲོན་ཁང་ཞིག་ཏུ་མཇལ་འཛོམས་ཐེངས་བཞི་པ་དེ་གནང་སྟེ་དུས་ཡུན་ཚོུད་གཅིག་ཙམ་རིང་བཀའ་བསྡུར་གནང་ཡོད་པ་རེད།
དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཛོམས་གྲུབ་པའི་རྗེས། འབར་མའི་ངལ་རྩོལ་བློན་ཆེན་གྱིས་གསར་འགོད་པར། ད་རེས་ཁོང་རྣམ་གཉིས་ཀྱི་མཇལ་འཛོམས་དེའི་ཐོག་འབར་མ་རྒྱལ་ཁབ་ཀྱི་དགོས་མཁོ་ཁག་དང༌། ཚོང་ལས་རང་དབང་གི་ཐོབ་ཐང༌། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་དངུལ་འགྲོ་རྒྱུགས་ཀྱི་རང་དབང་ཆེ་རུ་གཏོང་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་བ་མ་ཟད། ད་དུང་རྒྱལ་ཁབ་ནང་ཞི་བདེ་སྐྲུན་ཐབས་དང༌། བཙོན་པ་གློད་བགྲོལ་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་བའི་སྐོར་དང༌། དབུ་ཁྲིད་རྣམ་གཉིས་པོས་ད་ལྟ་བར་གྲོས་མོལ་གནང་ཟིན་པའི་ཐོག་ལ་གཞི་རྩ་བཞག་ཏེ་མ་འོངས་མུ་མཐུད་གྲོས་མོལ་གནང་རྒྱུའི་མོས་མཐུན་བྱུང་བའི་སྐོར་གསུང་ཡོད་པ་རེད། འབར་མའི་ངལ་རྩོལ་བློན་ཆེན་ཨོང་ཀི་དང་ ༡༩༩༡ ལོའི་འཛམ་གླིང་གི་མཚན་སྙན་ཆེ་བའི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་རྣམ་གཉིས་མཇལ་འཛོམས་ཐེངས་གསུམ་པ་དེ་ཕྱི་ཟླ་དགུ་པའི་ཚེས་༢༣ ཉིན་གནང་ཡོད་ཅིང༌། ད་རེས་ཀྱི་མཇལ་འཛོམས་དེ་ཐེངས་བཞི་པ་ཡིན་པ་རེད། འབར་མའི་སྲིད་འཛིན་ཐེཨིན་སེན་གྱིས་ཀྱང་ཕྱི་ཟླ་བརྒྱད་པའི་ཚེས་༡༩ ཉིན་ཐེངས་དང་པོ་ལྕམ་ཨོང་སན་སུ་ཀི་དང་མཇལ་འཛོམས་གནང་སྟེ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ཐོག་ལ་ཁོང་གི་ཆབ་སྲིད་ཚོགས་པས་གཞུང་དང་མཉམ་ལས་གནང་རྒྱུ་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་རེད། ད་ལྟའི་འབར་མའི་གཞུང་གསར་པ་དེས་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༣༠ ནས་ཆབ་སྲིད་ཀྱི་དབང་ཆ་འཛིན་པ་ནས་བཟུང་འབར་མའི་བཙོན་པ་ཐེངས་གཉིས་གློད་བཀྲོལ་བཏང་ཡོད་ཅིང༌། ཐེངས་དང་པོ་དེ་ཕྱི་ཟླ་ལྔ་པའི་ནང་བཙོན་པ་ཆིག་ཁྲི་བཞི་སྟོང་བདུན་བརྒྱ་ལྔ་བཅུ་ང་བརྒྱད་དང། ཐེངས་གཉིས་པ་ཉེ་ཆར་ཕྱི་ཟླ་བཅུ་པའི་ཚེས་༡༢ ཉིན་བཙོན་པ་དྲུག་སྟོང་གསུམ་བརྒྱ་ལྔ་བཅུ་ང་དགུ་གློད་བཀྲོལ་བཏང་ཡོད་པ་རེད།།