འབར་མའི་དྲག་པོའི་སྲིད་གཞུང་གི་དམག་སྤྱི་ཟུར་པ་བགྲེས་ཡོལ།
2011.11.25
༄༅༎ཁ་ས་རེས་གཟའ་པ་སངས་ཉིན་འབར་མའི་གྲོས་ཚོགས་ཀྱི་ཚོགས་དུས་ཉིན་མཐའ་མའི་ཉིན། གྲོས་ཚོགས་འོག་མའི་ཚོགས་གཙོ་ཐུ་ར་ མན་ནས་གསར་འགོད་པ་ཚོར་དྲག་པོའི་སྲིད་གཞུང་གི་དམག་སྤྱི་མཐོ་གྲས་ཐན་ ཤི་ལྦེ་མཆོག་ཕྱག་ལས་ནས་དངོས་སུ་བགྲེས་ཡོལ་ཕྱིན་ཟིན་ཡོད་ལུགས་ནན་བརྗོད་གནང་ཡོད་འདུག ད་རེས་ཚོགས་གཙོ་མཆོག་ནས་དམིགས་བསལ་གསལ་བཤད་རྒྱབ་དགོས་དོན་ནི། འདས་པའི་ཟླ་བ་འགའ་ཤས་ནང་། དམག་སྤྱི་ཐན་མཆོག་བརྙན་འཕྲིན་དང་། གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་མེད་ཀྱང་ཁག་ཅིག་ནས་ཁོང་ད་ལྟའང་གཞུང་གི་ལས་ཀའི་ཐོག་ཐེ་བྱུས་ཆེན་པོ་ཡོད་ལུགས་གླེང་སློང་བྱེད་ཀྱི་ཡོད་པའི་ཆ་ནས་ཡིན་པ་རེད། འོན་ཀྱང་ཁ་ས་ཚོགས་གཙོས་འགྲེལ་བརྗོད་བྱེད་པར་ལྟར་ན། དགུང་གྲངས་བདུན་བཅུ་དོན་བརྒྱད་ལ་ཕེབས་པའི་དམག་སྤྱི་ཐན་མཆོག་ལས་ཀའི་ཐོག་ཐེ་བྱུས་མེད་པའི་མ་ཟད་USDP ཚོགས་པའི་འོས་བསྡུའི་ཐོག་ལའང་ཐེ་བྱུས་རྩ་བ་ནས་གནང་མེད་ལུགས་གསུངས་འདུག
འོན་ཀྱང་སྲིད་དོན་དབྱེ་ཞིབ་པ་ཚོས་ཁོང་དམིགས་བསལ་གཞུང་གི་ལས་གནས་ཐོག་མེད་ནའང་ཐེ་བྱུས་རང་བཞིན་གྱི་ཡོང་རྒྱུ་ཡིན་པར་གསུངས་འདུག གང་ལྟར་འབར་མའི་ནང་། སྔ་ལོ་འོས་བསྡུ་བྱས་པ་ནས་བཟུང་དྲག་པོའི་གཞུང་ནས་མང་གཙོའི་ཁ་ཕྱོགས་སུ་འགྱུར་བཅོས་གང་འཚམས་བཏང་ཡོད་པ་མ་ཟད་ཆབ་སྲིད་བཙོན་པ་མང་པོ་གློད་བཀྲོལ་བཏང་བ་བཅས་ལ་བརྟེན་ཨ་རི་དང་ཨེ་ཤ་ཡའི་རྒྱལ་ཁབ་ཚོས་ཀྱང་ལྟ་ཕྱོགས་མི་འངྲ་བ་ཆགས་པ་དང་། རིང་མིན་འོས་བསྡུའི་སྐབས་མང་གཙོ་ཡར་ཐོན་ཚོགས་པ་བསྐྱར་དུ་དེབ་སྐྱེལ་བྱེད་པའི་ཐོག་ནས་འོས་བསྡུའི་ནང་མཉམ་ཞུགས་བྱེད་རྒྱུ་སོགས་བཟང་ཕྱོགས་ལ་ཁ་ལོ་བསྒྱུར་ཐུབ་པ་བྱུང་ཡོད་པ་རེད།