༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་ཕུལ་བའི་དུས་དྲན།
2009.12.09
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་ཚིགས་སྲུང་བརྩི་ཞུ་རྒྱུར་དམིགས་བསལ་གློག་བརྙན་ཞིག་ཆེད་བསྒྲིགས་ཞུས་ཡོད་འདུག
སང་ཉིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མོ་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ཉི་ཤུ་ཐམ་པ་འཁོར་བའི་དུས་ཚིགས་ཤིག་ཡིན་པར་སྟབས་བསྟུན་ནས་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་ཞིག་དམིགས་བསལ་ཆེད་སྒྲིག་ཞུས་ཡོད་འདུག གློག་བརྙན་དེ་བཞིན་ཨ་རིའི་གློག་བརྙན་ཁྲབ་མཁན་གྲགས་ཅན་སྐུ་ཞབས་ཧེ་རི་སན་ཕོདྲ་ནས་ངོ་སྤྲོད་གནང་གི་ཡོད་པ་རེད། ད་བར་གློག་བརྙན་དེར་གསོལ་རས་འདྲ་མིན་བཅུ་གཉིས་ཙམ་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་བཞི་བཅུ་ཙམ་གྱི་ནང་གྲགས་འདེམས་ཞུས་པའི་ཁོངས་སུ་ཚུད་ཡོད་པ་ཞིག་ཡིན་འདུག
གློག་བརྙན་འདི་བཞིན་སྐུ་ཞབས་ཀཤ་ཡར་ དྲར་ལྦིཅ་མཆོག་ནས་བཟོ་བཀོད་དང་རྒྱུ་སྦྱོར་བཏང་བ་ཞིག་ཡིན་པ་དང་། སང་ཉིན་ཚེས་བཅུ་ཉིན་ཨ་རིའི་ཀ་ལི་ཕོར་ནི་ཡའི་ནང་དངོས་སུ་བཟོ་བཀོད་བྱེད་མཁན་གྱི་ངོ་སྤྲོད་དང་འབྲེལ་གློག་བརྙན་ཁང་ནས་བཏོན་རྒྱུ་འགོ་འཛུགས་ཀྱི་ཡོད་འདུག།
གློག་བརྙན་འདི་བཞིན་ཁྲ་གུ་རིན་པོ་ཆེའི་ཧི་མ་ལ་ཡའི་ཕྲུ་གུའི་ཐེབས་རྩ་ཁང་གི་ཞལ་འདེབས་འདུ་འགོད་ཆེད་བཟོས་པ་ཞིག་རེད་འདུག
གློག་བརྙན་འདིའི་ཐོག་གསར་ཤོག་དང་དཔྱད་ཞིབ་བྱེད་མཁན་ཚོས་བསྔགས་བརྗོད་ཆེན་པོ་ཞུས་ཡོད་པའི་ཁོངས་སུ་མང་ཆེ་བས་༧གོང་ས་མཆོག་གི་དམིགས་བསལ་མཛད་འཕྲིན་སྐོར་ཞིབ་ཕྲའི་ཐོག་ནས་ངོ་སྤྲོད་བྱས་པ་དང་། དངོས་ཡོད་གནས་ཚུལ་གོ་རྟོགས་སྤེལ་ཐབས་སུ་ཧ་ཅང་ཡག་པོ་འདུག་ཟེར་སོགས་དཔྱད་གཏམ་སྤེལ་ཡོད་པ་བཅས་ཡོད་པ་རེད།