ཕ་སྐད་གཙང་མའི་འགྲན་བསྡུར་བཀག་བསྡོམས་བྱས་འདུག
2014.04.22
བོད་ནང་འཛམ་གླིང་ཕ་སྐད་ཀྱི་ཉིན་མོ་སྲུང་བརྩི་ཆེད་ཕ་སྐད་གཙང་མའི་འགྲན་བསྡུར་བྱེད་རྒྱུ་རྒྱ་ནག་གིས་བཀག་བསྡོམས་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ༢༠༡༤ལོའི་ཟླ་༢ཚེས༢༡ཉིན་འཛམ་གླིང་ཕ་སྐད་ཉིན་མོ་སྲུང་བརྩི་ཆེད་མདོ་སྨད་ཟི་ཁྲོན་རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེ་ནོར་བའི་སྨན་པ་དྲི་མེད་དང་། བློ་གྲོས་རྒྱལ་མཚན་སོགས་བོད་མི་ཁག་གཅིག་གིས་གོ་སྒྲིག་བྱས་ནས། དམུ་དགེ་ནོར་བ་ཡུལ་ཚོ་རུ་བོད་ཀྱི་ཕ་སྐད་གཙང་མའི་འགྲན་སྡུར་སྤེལ་རྒྱུ་སྤྱི་ཚོགས་ནང་གསལ་བསྒྲགས་བྱས་བ་དང་མཉམ་གྲ་སྒྲིག་ཆ་ཚང་བྱས་ཡོད་ན་ཡང་། རྗེས་སུ་དམུ་དགེ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མི་དྲི་མེད་དང་། བློ་གྲོས་རྒྱལ་མཚན་གཉིས་འབོད་འགུག་གིས་འདྲི་རྩད་ཐེངས་ཁ་ཤས་བྱས་བ་དང་མཉམ། ཁོ་གཉིས་ལ་ཕ་སྐད་གཙང་མའི་འགྲན་བསྡུར་གྱི་བརྡ་ཐོ་ཕྱིར་འཐེན་བྱེད་དགོས་པ་དང་། ཕ་སྐད་ཟེར་བ་འདི་ཆབ་སྲིད་ལ་འགལ་བའི་ཚིག་ངན་གནམ་ལ་མི་ཤོང་བ་ཞིག་ཡིན་རབས་བཤད་པ་དང་མཉམ་གསལ་བསྒྲགས་ཕྱིར་འཐེན་མ་བྱས་ན་ཁོ་གཉིས་ལ་ཁྲིམས་ཆད་ཕོག་ངེས་ཡིན་པའི་ཉེན་བརྡ་བཏང་ནས་མི་འདོད་བཞིན་དུ་ཕ་སྐད་གཙང་མའི་འགྲན་བསྡུར་ཚོགས་རྒྱུ་བཀག་བསྡོམས་བྱས་ནས་སྔོན་འཆར་ལྟར་ཚོགས་ཐུབ་མེད་པ་རེད་འདུག དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། དེང་སྐབས་འཛམ་གླིང་མི་མང་གིས་ཕ་སྐད་གཙོ་བཟུང་གིས་ཕ་སྐད་དུས་ཆེན་ལོ་ལྟར་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་བོད་མི་ཚོས་སོ་སོའོ་ཕ་སྐད་ཙམ་ཡང་གཅེས་སྲུང་བྱེད་དབང་མེད་པ་ནི་ཡིད་སྐྱོ་དགོས་བ་འདུག་ཅེས་བརྗོད་བྱུང་།
གནས་ཚུལ་ལྟར་ན། ༢༠༠༨ལོའི་རྗེས་སུ་ཟུངས་ཆུ་རྫོང་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དགོན་པའི་གླིང་ལ་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ལས་ཁུངས་གསར་བ་སྒོ་ཕྱེ་བ་ནས་། དེར་ཉེན་རྟོག་པ་མི་གྲངས་༢༠ཙམ་རྒྱུན་སྡོད་བྱས་ནས་དགོན་པའི་དགེ་འདུན་པ་གཙོས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བལྟ་རྟོགས་ནན་མོ་བྱེད་བཞིན་པ་རེད་འདུག
དམུ་དགེ་ནི་དེང་སང་རྒྱ་ནག་གིས་བརྗོད་བཞིན་པའི་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཁོངས་གཏོགས་སུ་ཡོད་པ་རེད།
རྒྱལ་སྤྱིའམ་འཛམ་གླིང་སྐད་ཡིག་སྲུང་སྐྱོབ་ཀྱི་ཉིན་མོ་ནི་ཕྱི་ལོ་༡༩༥༣ལོར་ལོ་རེའི་ཟླ༢་ཚེས༢༡ཉིན་བརྩི་སྲུང་བྱེད་རྒྱུའི་ཉིན་མོ་རུ་གཏན་འཁེལ་བྱས་པ་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།