རྒྱ་ནག་ཏུ་འོ་མའི་རྫས་དུག་བསྲེས་དོན་བསྐྱར་དུ་ཐོན་པ།
2010.01.25
༄༅༎རྒྱ་ནག་ཀུད་ཀྲའུ་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁང་གིས་ས་ཁུལ་དེའི་ནང་གི་འོ་མའི་རིགས་ཀྱི་བཟའ་བཅའ་བཟོ་སྐྲུན་བྱེད་མཁན་གྱི་ཁེ་ལས་ཁག་གསུམ་གྱི་དངོས་ཟོག་ཁྲོམ་ར་ནས་ཕྱིར་འཐེན་བྱ་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་དང་ཁེ་ལས་དེ་དག་གིས་བཟོས་པའི་འོ་མའི་རིགས་ཀྱི་བཟའ་བཅའ་ནང་མེ་ལ་མིན་ཞེས་པའི་རྫས་རིགས་བསྲེས་ཡོད་ཅིང་རྫས་དུག་དེ་རིགས་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་ཕྲུ་གུ་དྲུག་རྐྱེན་ལམ་དུ་བཏང་ཡོད་པ་དང་ཕྲུ་གུ་ཁྲི་སུམ་ཅུ་ལྷག་ཙམ་ནད་པ་བཟོས་ནས་སྨན་བཅོས་བྱ་དགོས་བྱུང་ཡོད་པ་རེད་ རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་ཀུད་ཀྲའུ་ཞིང་ཆེན་ནང་མེ་ལ་མིན་ཟེར་བའི་རྫས་དུག་བསྲེས་པའི་འོ་མའི་རིགས་ཀྱི་བཟའ་བཅའ་ཐོན་ཡོད་པ་དང་རྫས་དུག་དེ་རིགས་སྤྱིར་བཏང་ཤེལ་ཀོ་དང་ རྫས་ལུད་ ཨར་དམ་སོགས་ནང་བསྲེས་ཀྱི་ཡོད་ཅིང་ཡིན་ནའི་ཁེ་ལས་པ་ཁག་ཅིག་གིས་རྫས་དུག་དེ་རིགས་འོ་མའི་ནང་བསྲེས་ནས་འོ་མ་གར་པོ་ཡོང་ཐབས་རྫུན་བཟོ་བྱེད་ཀྱི་ཡོད་ལུགས་འཁོད་འདུག རྒྱ་ནག་གོང་ཏུང་ཞིང་ཆེན་གྱི་འོ་མའི་ཐོན་སྐྱེད་ཚོགས་པའི་འགན་འཛིན་ཟུར་པ་ལྦང་ཏང་མན་གྱིས་ རྒྱ་ནག་གཞུང་གིས་བཟའ་ཆས་ལ་དོ་དམ་དང་བརྟག་དཔྱད་ཀྱི་ལས་དོན་ཚགས་ཚུབ་མེད་པར་བརྟེན་ནས་ ཚོང་ལས་ཁང་གིས་བཟའ་ཆས་དངོས་ཟོག་བཟོ་སྐྲུན་བྱེད་པའི་སྐབས་འབྲེལ་ཡོད་བརྟག་དཔྱད་ལས་ཁང་གིས་བརྟག་དཔྱད་ཀྱི་ལས་དོན་འཐུས་སྒོ་ཚང་པོ་སྤེལ་གྱི་མེད་པའི་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་འོ་མའི་ནང་གོང་ཞུས་རྫས་དུག་རིགས་བསྲེས་ནས་ཚོང་འགྱུར་བྱས་པའི་གནད་དོན་གྱིས་རྐྱེན་པས་འབྲེལ་ཡོད་འོག་མའི་བཟའ་ཆས་བཟོ་སྐྲུན་བྱེད་མཁན་དང་དཔོན་རིགས་སོགས་མི་སྣ་༢༡ཙམ་འཛིན་བཟུང་བཙོན་འཇུག་དང་དོ་དམ་དྲི་ཞིབ་སོགས་བྱས་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད་ལ་ཉིས་སྟོང་དགུ་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་དེས་རྐྱེན་པས་བྱེད་གཏེ་གཙོ་བོའི་གྲས་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད་