ལྷ་སར་རང་ལུས་མེར་སྲེག་མཁན་དར་རྒྱས་ལགས་ཀྱི་ལོ་རྒྱུས།
2012.06.01
༄༅༎ཉིན་ཤས་སྔོན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་རང་ལུས་མེར་སྲེག་བཏང་གནང་མཁན་བོད་མི་གཞོན་སྐྱེས་གཉིས་ནས་དར་རྒྱས་ལགས་ཀྱི་ལོ་རྒྱུས་ཁ་གསལ་ཞིག་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་དེ་རིང་གནས་ཚུལ་བཏང་གནང་འདུག
ཕྱི་ཟླ་ལྔ་པའི་ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་གཞོན་སྐྱེས་གཉིས་བྱུང་བའི་ནང་ནས་གཅིག་གི་མཚན་ལ་དར་རྒྱས་ལགས་ཡིན་ཞིང་ རང་ལོ་༢༥ཡིན་པ་དར་རྒྱས་ལགས་ཀྱི་ཕ་མིང་ལ་ལོ་དེ་དང་ མ་མིང་ཞེས་སྐྱིད་ཞུ་གི་འདུག དར་རྒྱས་ལགས་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ནས་ཡིན་ཞིང་ ཁོང་གི་ཁྱིམ་ཚང་ལ་སྤུན་དྲུག་ཡོད་པའི་ནང་ནས་ཁོང་རང་ཆུང་ཤོས་ཡིན་འདུག ཁོང་ཆུང་ངུའི་དུས་ནས་རྔ་པ་ཀིརྟི་དགོན་པའི་གྲ་པ་བྱས་ཤིང་ ལོ་ཤས་གོང་སྐྱར་བབ་ནས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ཚོང་པ་ཆུ་སྐལ་ཚང་གི་ཟ་ཁང་ནང་དུ་དངུལ་གཉེར་གྱི་ལས་ཀ་བྱེད་བཞིན་ཡོད་པ་རེད་ དོན་རྐྱེན་བྱུང་རྗེས་ཟ་ཁང་གི་སྦྱིན་བདག་ཆུ་སྐལ་ལགས་དང་བཟའ་ཟླ་སོགས་ནང་མི་ཚང་མ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ་ དར་རྒྱས་ལགས་ཀྱི་ནང་མིར་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་་བྱས་འདུག་ཀྱང་ ད་ལྟ་གྲོངས་མེད་ཚུལ་ཙམ་ལས་གང་དུ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གཅིག་ཀྱང་བརྗོད་མི་འདུག དེ་བཞིན་དེང་སྐབས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ད་ལོའི་སྤྱི་བ་སྒྲོལ་མ་སྐྱབས་ལགས་དང་ མྱུར་མགྱོགས་ལགས་ རྟ་མགྲིན་སྐྱབས་ལགས་ སངས་གྲགས་ལགས་སོགས་སྤྱི་བ་མི་དྲུག་དང་ དེ་མིན་ལྷ་སའི་ཁུལ་གྱི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ནང་ལས་ཀ་བྱེད་མཁན་ཚོ་དང་ གནས་སྐབས་ལྷ་སའི་ནང་སྡོད་ཆོག་པའི་ལག་ཁྱེར་མེད་པ་ཁག གཟའ་ལྷག་པའི་ཉིན་དམིགས་བསལ་བོད་ཆས་གྱོན་མཁན་བཅས་འཛིན་བཟུང་བཙན་ཁྲིད་བྱས་དང་བྱེད་མུས་ཀྱིས་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད་པའི་སྐོར་འཁོད་འདུག་ལ་ རྔ་པའི་ཕྱོགས་ཀྱི་བོད་མི་ཚོའི་ཁ་པར་དང་གློག་ཀླད་སོགས་ལ་དམིགས་བསལ་དམ་བསྒྲགས་ཀྱིས་ད་ལྟ་ཕྱི་ཕྱོགས་སུ་མ་ཟད་ ཨ་མདོ་རྔ་པ་དང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁྲན་ཏུ་གྲོང་ཁྱེར་སོགས་ལ་ཡང་འབྲེལ་བ་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པའི་ཁར་ འཛིན་བཟུང་མ་བྱས་པའི་ཁམས་དང་ཨ་མདོའི་་ཕྱོགས་ཀྱི་ཚོང་པ་སོགས་ལྷ་སའི་ནང་གཞིས་ཆགས་ནས་ཡོད་པའི་བོད་མི་རྣམས་མུ་མཐུད་དེ་བོད་ཀྱི་རྒྱལ་ས་ལྷ་སར་སྡོད་ཐུབ་མིན་ལའང་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་ཡོད་འདུག